Loading...

རྩོམ་སྒྲིག་པའི་གཏམ།

ཞི་བའི་ལྷ་གཅིག་སྙིང་རྗེས་ཁྲོས་པའི་ཉམས། །
བརྩེ་བའི་མཛད་ཕྲིན་དྲག་པོའི་གློག་ཕྲེང་འཁྲིགས། །
བྱམས་པའི་དགྱེས་བཞད་སྡིག་ཅན་སྲོག་གི་གཤེད། །
གངས་རིའི་མགོན་པོ་སྲོང་བཙན་སྒམ་པོར་འདུད། །

ཤེས་རབ་སྤྱན་གྱིས་བདེན་པའི་གནས་ལུགས་གཟིགས། །
ཚད་མེད་བརྩེ་བས་གངས་རིའི་བདེ་སྡུག་དགོངས། །
ཆེ་བའི་ཕྲིན་ལས་དུས་ཀྱི་མཐའ་ན་གསལ། །
སྔ་ཕྱིའི་ལོ་པཎ་དག་གི་བཀའ་དྲིན་དྲན། །

དྲི་མེད་མཁྱེན་གཏེར་ཉི་ཟླའི་གཟི་འོད་ཚད་མེད་ཐུགས་རྗེའི་རླབས་ཀྱིས་མཛེས།།
ཡང་དག་བདེན་པའི་གསུང་གི་ལམ་སྟོན་རིས་མེད་གདུལ་བྱའི་དཔལ་དུ་ཤར།།
རླབས་ཆེན་མཛད་བརྒྱའི་གདུགས་དཀར་འཁོར་ལོ་ཡངས་པའི་ས་ཆེན་རྒྱན་དུ་གཡོ།།
འགྲོ་བའི་བླ་མ་ཕྱག་ན་པདྨོ་འདབ་བརྒྱད་སྙིང་གི་གུར་དུ་བཞུགས།།

ཞེས་མཁས་གྲུབ་གོང་མ་དག་གི་མཛད་རྗེས་དང་བཀའ་དྲིན་གྱི་ཕུང་པོ་གཞལ་བར་དཀའ་བ་སེམས་ལ་བཟུང་ནས། ཁ་བ་གངས་ཅན་ལྗོངས་ཀྱི་ཤེས་རིག་གི་རྒྱ་མཚོ་ཆེན་པོར་ཆུ་ཐིགས་ཙམ་ཞིག་ཞབས་འདེགས་སུ་འབུལ་བའི་རེ་འདུན་སྙིང་ལ་བཅངས་ཏེ། སྣ་མང་ཤེས་བྱའི་བང་བ་ཚིག་མཛོད་ཀྱི་ལས་ཀར་འབད་པ་ཕྲན་ཙམ་བགྱིས་པའི་རིམ་པ་ཞུ་ན། དེང་མི་རིགས་སོ་སོས་རང་རང་གི་དཔལ་ཡོན་སྣ་བརྒྱས་འཛམ་གླིང་སྤྱིའི་དགོས་མཁོ་བསྐངས་ཤིང་། སྤོབས་པ་དང་གཟི་བརྗིད་མཐོ་རུ་བཏེག་པའི་དུས་རབས་གསར་བའི་ནང་། རང་རེ་བོད་མི་རིགས་ཀྱིས་ཀྱང་ཡབ་མེས་གོང་མའི་ཤུལ་བཞག་གི་བླ་ན་མེད་པའི་རིག་པའི་གཞུང་ལུགས་དང་ལོ་རྒྱུས་ཀྱི་སྤོབས་པ་ཁུར་ཏེ། འདས་པའི་བྱ་བཞག་ལ་ཕྱིར་མིག་དང་མ་འོངས་པའི་དམིགས་འདུན་ལ་རྒྱང་ལྟ་བྱ་དགོས་པ་ནི་དུས་རབས་ཀྱིས་བོད་མི་དག་གི་སྤྱི་འགན་དུ་བཞག་པ་ཞིག་ཡིན་ལ། ང་ཚོས་ཀྱང་འདི་ནས་ལོ་ཤས་རིང་འབད་འབུངས་བྱས་ཏེ་བོད་ཀྱི་ཚིག་མཛོད་དང་ཚིག་མཛོད་རིག་པའི་སྐོར་གྱི་ལས་དོན་ལ་ཞུགས་པ་ཡིན། 
ཚིག་མཛོད་ཚད་ལྡན་ཞིག་བསྒྲིག་པ་ལ་སྒྲིག་ཚུལ་གྱི་གཞུང་ལུགས་དང་ལག་ལེན་དགོས་པ་སྨོས་མེད་ཡིན་སྟབས། ང་ཚོས་དང་པོ་ཚིག་མཛོད་ཀྱི་རྩ་སྒྲོམ་ཇི་ལྟར་བསྒྲིག་པའི་སྐོར་ལ་རྒྱུས་ལོན་དང་ཞིབ་འཇུག་བྱས་ཚེ། ད་ཕན་བོད་ལ་ཚིག་མཛོད་ཇི་ལྟར་བསྒྲིག་ཚུལ་གྱི་གཞུང་ལུགས་ཚད་ལྡན་ཞིག་བྱུང་མེད་པས། ང་ཚོས་འདི་ནས་དེང་རབས་འཛམ་གླིང་ན་ཡོངས་གྲགས་ཚད་ལྡན་དུ་རྩི་བའི་ཚིག་མཛོད་གྲགས་ཆེན་ཁག་གི་ཁྱད་ཆོས་དང་སྒྲིག་སྟངས་ལ་རྒྱུས་ལོན་བྱས་ཤིང་། བོད་རང་གི་སྐད་ཀྱི་ཐུན་མོང་མ་ཡིན་པའི་འགྲོས་ལ་དཔྱད་ནས་དུས་རབས་ཀྱི་རྗེས་ཟིན་པའི་སྤྱིར་བཏང་གི་ཚིག་མཛོད་ཅིག་བསྒྲིག་འཆར་བྱས་པ་ཡིན། དེ་ལ་ཐོག་མར་བོད་རང་གིས་ད་སྔོན་བསྒྲིགས་ཟིན་པའི་ཚིག་མཛོད་ཀྱི་བརྒྱུད་རིམ་ལོ་རྒྱུས་དང་ལེགས་ཆ་བསྡུ་ལེན། མ་འདང་སར་ཁ་སྐོང་བྱེད་དགོས་སྟབས།  བོད་ཀྱི་ཚིག་མཛོད་རིམ་པ་ལ་དུས་རབས་རེ་རེ་བཞིན་འགྱུར་ལྡོག་ཅི་ཙམ་ཕྱིན་ཡོད་མེད། ད་ལྟའི་ཆར་ང་ཚོའི་ཚིག་མཛོད་དག་སྔོན་ཐོན་ཚིག་མཛོད་ཁག་དང་མཉམ་འགྲོ་བྱེད་ཐུབ་ཀྱི་ཡོད་མེད། མ་འོངས་པ་ཡར་རྒྱས་ག་འདྲ་གཏོང་དགོས་མིན། ང་ཚོས་འདི་ནས་གསར་དུ་བསྒྲིགས་པའི་ཚིག་མཛོད་ལ་སྔར་མེད་ཀྱི་ཁྱད་ཆོས་གང་ཞིག་བསྣན་ཡོད་མེད་བཅས་མདོར་བསྡུས་པའི་ཚུལ་གྱིས་གླེང་རྒྱུ། 
སྤྱིར་འཛམ་གླིང་གི་ཚིག་མཛོད་རིག་པའི་འཕེལ་རིམ་ལ་བལྟས་ན། ཤེས་བྱ་ཀུན་འདུས་སམ་དབྱིན་སྐད་ཀྱི་(Wikipedia)འཁོད་པ་ལྟར་ཕྱི་ལོའི་གོང་གི་༢༣༠༠ཙམ་ནས་བཟོས་པའི་རྡོ་བརྐོས་ཚིག་མཛོད་སྐད་གཉིས་ཤན་སྦྱར་མ་སོས་རི་ཡ་(Syria)ནས་ཐོན་ཡོད་པ་དང་། དུས་རབས་བཞི་པའི་ནང་བསྒྲིགས་པའི་ལེགས་སྦྱར་ཀྱི་ཚིག་མཛོད་ཨམྲཀོཥ་འམ་འཆི་མེད་མཛོད་གཉིས་རྩོད་མེད་ཡོངས་གྲགས་ཡིན་པ་ལས། ཕྱི་ལོའི་གོང་གི་བརྒྱ་ཕྲག་གསུམ་པར་རྒྱ་སྐད་ནང་བྲིས་པའི་(Erya)ཚིག་མཛོད་ཡིན་མིན་གྱི་རྩོད་གཞི་ཆགས་ཡོད་ལ། ཕྱི་ལོའི་དུས་རབས་བདུན་པའི་ནང་བྲིས་པའི་ཉི་ཧོང་གི་(Niina)ཡང་ལག་སོན་བྱུང་མེད་ཅིང་། ཡོ་རོབ་དུ་དབྱིན་ཇི་དང་། ལ་ཊེན། ཧྥ་རན་སི་སོགས་སྐད་ཡིག་སྣ་མང་ཅན་གྱི་ཚིག་མཛོད་ཕྱི་ལོ་ ༡༢༢༠ ནང་ཙམ་ལས་བྱུང་མེད་ལ། དབྱིན་ཇི་ཚིག་མཛོད་ཐོག་མ་ནི་ཕྱི་ལོ་༡༦༠༤ ལ་བྱུང་བ་ཡིན་པས། རྩོད་མེད་ཚིག་མཛོད་ཀྱི་ཚད་གཞི་ལོངས་ཤིང་དངོས་ཡོད་ཚིག་མཛོད་འཛམ་གླིང་གི་ཚིག་མཛོད་སྔ་ཤོས་གསུམ་པ་དེ་རང་རེ་བོད་ཀྱི་ལོ་པཎ་སྐུ་དྲིན་ཅན་ཚོས་བསྒྲིགས་ཡོད། 
བོད་ཀྱི་ལོ་རྒྱུས་ཡིག་འཁོད་ལྟར་ན་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་ཚིག་མཛོད་དང་ཚིག་གཏེར་ཡོད་པའི་སྒྲོས་ཡོད་ཀྱང་། ད་ལྟ་དཔེ་དངོས་གང་ཡིན་ཞིབ་འཇུག་ཐུབ་མེད་པར་ལུས་ཡོད་མོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་སྨན་གྱི་ཚིག་མཛོད་མིང་དོན་བརྡ་སྤྲོད་ལྔ་པ་ཞེས། སྡེ་ཚན་ལྔའི་སྒོ་ནས་འགྲེལ་བཤད་གནང་ཡོད་པ་སྟེ། དང་པོ་སྡེ་ཚན་མིང་དོན་ངོ་སྤྲོད་ཅེས། གཉིས་ཚན་སུམ་ཚན་སོགས་གྲངས་ཀྱི་སྒོ་ནས་འགྲེལ་བ། དཔེར་ན། ཨ་རུ་ར་དང་བ་རུ་ར། །སྐྱུ་རུ་ར་གསུམ་འབྲས་བུ་གསུམ་ལྟ་བུ་དང་། གཉིས་པ་རྒྱ་སྐད་མིང་དོན་བརྡ་སྤྲོད། དཔེར་ན། མཱུ་ལ། རྩ་བ། པར་ནི། ལོ་མ། པིཥྤ། མེ་ཏོག གེ་སར། འབྲུ་ཞེས་ཅེས་བསྒྱུར་འགྲེལ་དུ་བཀོད་ཡོད། གསུམ་པ་གབ་ཡིག་མིང་དོན་ངོ་སྤྲོད་ནི། སྨན་གྱི་གསང་མིང་རྣམས་ཡོངས་གྲགས་ཀྱི་མིང་གིས་འགྲེལ་བ་སྟེ། དཔེར་ན། སྲོག་གི་མེ་ཏོག དོམ་མཁྲིས། དྲི་ཆེན་ལྟེ་བ། གླ་རྩི། རྩི་བོ་ཆེ། ཤིང་ཀུན་ཞེས་གསང་བའི་མིང་ཡོངས་གྲགས་ཀྱི་མིང་གིས་བཀྲལ་ཡོད། བཞི་བ་ངོ་བོ་མིང་དོན་བརྡ་སྤྲོད་ལ། འདྲ་བའི་དཔེ་དང་སྦྱར་ནས་ལོ་མ། མེ་ཏོག འབྲས་བུ། རྩ་བ། དབྱིབས། ཁ་དོག མིང་གི་རྣམས་གྲངས་བཅས་གསལ་བཤད་གནང་ནས་དོན་འགྲེལ་དུ་བཀོད་ཡོད་པ་ཞིབ་གསལ་ཤིན་ཏུ་ཆེ་བ་ཡིན། དཔེར་ན། དར་ཡན་སྨུག་པོ་ཞེས་བྱ་བ། །སྐྱེ་གནས་ཐང་དང་རྡོ་གསེབ་སྐྱེས། །ལོ་མ་ལེབ་ཆུང་སྲད་ཆུང་འདྲ། །མེ་ཏོག་སྔོན་པོ་ར་གཟར་འདྲ། །གང་བུ་གྲོག་མའི་གཟུགས་པོ་འདྲ། །རྩ་བ་རྒྱུས་ཕྲན་བཤད་པ་འདྲ། །ཐོ་དཀར་སྨུག་པོ་ཞེས་ཀྱང་བྱ། །སྔོན་མོ་ཆབ་འདྲེན་ཞེས་སུ་བཤད། །ཅེས་དང་། ལྔ་པ་བཟང་ངན་མིང་དོན་བརྡ་སྤྲོད་སྐབས། བརྟག་ཐབས་དང་སྦྱར་ནས་བཤད་པ་སྟེ། ཙནྡན་བཟང་ངན་ཆུ་ལ་དྲིས། །ཆུར་བྱིང་དྲི་མེད་སྟོན་ན་བཟང་། །ཨ་རུ་ར་ནི་མེ་ལ་དྲིས། །དྲི་ཆེ་ཆིར་ཆིར་བྱུང་ན་བཟང་། །ཞེས་དོན་ཚན་ཆེན་པོ་ལྔ་འམ་འགྲེལ་ལུགས་མ་འདྲ་བ་ལྔའི་སྒོ་ནས་ལེགས་པར་གཏན་ཕབ་པའི་ཆེད་ལས་ཚིག་མཛོད་ཅིག་ཡིན། འཛམ་གླིང་གི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཨང་གཉིས་པ་རུ་ཆགས་ཡོད།

བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་ཕྱི་ལོ་ ༨༠༦ གི་ལོར་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་སོགས་དྲིན་ཅན་ལོ་པཎ་རྣམ་གསུམ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང༌། དྷརྨྨ་ཏཱ་ཤཱི་ལ་དང༌། ཛ་ཡ་རཀྵི་ཏ་དང༌། མཉྫུ་ཤྲཱི་ཝརྨྨ་དང༌། རཏྣེནྡྲ་ཤཱི་ལ་སོགས་ལོ་པཎ་མང་པོ་གདན་འཛོམས་ནས་སྔོན་གྱི་འགྱུར་རྣམས་དག་བཅོས་དང༌། གཞུང་ཚད་བམ་པོར་གྲངས་ངེས་པ་བྱས་པ་དང་འབྲེལ། མདོ་རྒྱུད་ཀྱི་གཞུང་རྣམས་ཇི་ལྟར་བསྒྱུར་དགོས་པའི་ཚུལ་སྒྲ་གཞུང་དང་བོད་སྐད་གཉིས་ཆར་མཐུན་ཞིང༌། གོ་བདེ་བའི་ཆེད་དུ་བཙད་པོའི་སྤྱན་སྔར་བནྡེ་ཆེན་པོ་དཔལ་གྱི་ཡོན་ཏན་དང༌། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ། རྗེ་བློན་གདན་འཛོམས་ཤིང་། དུམ་བུ་དང་པོའི་ནང་ཡིག་བསྒྱུར་གྱི་རྩ་དོན་ཆེན་པོ་གསུམ། བསྒྱུར་བའི་ཐབས་བཞི། དོ་སྣང་བྱ་དགོས་པའི་དོན་ཚན་བཞི་གཏན་འབེབས་དང་། དུམ་བུ་གཉིས་པའི་ནང་གལ་གནད་ཆེ་བའི་ཡིག་བསྒྱུར་གྱི་དཔེ་མཚོན་འགའ་བཀོད་པ་དང་། ལེགས་སྦྱར་དང་བོད་སྐད་ཤན་སྦྱར་གྱི་མིང་ཚིག་མང་པོ་ཞིག་གི་འགྲེལ་བཤད་འཁོད་པའི་ཚིག་མཛོད་ཡིན། 
དེ་ཡང་དང་པོ་མ་ཚིག་སཾ་བོད་ཤན་སྦྱར་བྱས་ཤིང་། དེ་ལ་འགྲེལ་བཤད་བཀོད་ཡོད་པས་དུས་རབས་དེ་ལ་དཔག་ན་ཧ་ཅང་ཚད་མཐོ་བའི་རྒྱལ་ཁབ་རིམ་པས་གཏན་ལ་ཕབ་པའི་ཚིག་མཛོད་རིམ་པ་དང་པོ་དང་། ད་ཆ་ལོ་རྒྱུས་ཡིག་ལམ་ནས་རྙེད་པའི་ཡོངས་གྲགས་བོད་ཀྱི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་ཐོག་མ་དང་། སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཐོག་མ། བརྡ་ཆད་ཀྱི་ཚིག་མཛོད་ཐོག་མ་ཡིན་པར་གཞིག་ན་ཡང་། བོད་ལ་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་དར་ནས་ད་བར་མི་ལོ་ ༡༢༡༠ ལྷག་ཕྱིན་ཡོད་ལ། 

ཚིག་མཛོད་འདིས་སྐད་གཉིས་ཤན་སྦྱར་ནས་འགྲེལ་བཤད་གནང་སྟངས་ངོ་མཚར་ལ་ཁྱད་དུ་འཕགས་པ་ཞིག་ཡིན་པས། སྐབས་དེ་དུས་ཀྱི་བོད་མི་རིགས་ཀྱིས་ཚིག་མཛོད་སྒྲིག་སྟངས་དང་འགྲེལ་བཤད་ཤེས་ཆེད་འདིར་དཔེ་མཚོན་ཙམ་བཀོད་ན། 
“ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་འགྲེལ་བཤད་ལ། དང་པོ་མ་ཚིག་ལ་དྷརྨྨ་ཀཱ་ཡ་ཞེས་ལེགས་སྦྱར་དང་དེ་ནས་ཆོས་ཀྱི་སྐུ་ཞེས་བོད་་སྐད་དུ་བསྒྱུར་ནས་འགྲེལ་བཤད་གནང་བ། སངས་རྒྱས་ཀྱི་ས་དང་སྦྱར་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ་ཆོས་ཀྱི་སྐུ་ཞེས་བྱ། སམྦྷོ་ག་ཀཱ་ཡ་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་གཉིས་ཀྱིས་ཆོས་ཀྱི་ལོངས་སྤྱོད་དང་སྐྱིད་པ་ཆེན་པོ་མ་ལུས་པ་མྱོང་བར་མཛད་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། ནིརྨྨཱ་ཎ་ཀཱ་ཡ་ཞེས་བྱ་བ་སྤྲུལ་པའི་སྐུ་ཡིན་ཏེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་སོ་སོ་ཅིས་འདུལ་བ་བཞིན་དུ་ཐབས་ཐབས་སུ་སྐུ་དང་གསུང་དང་ཐུགས་སྤྲུལ་ཏེ། སྣ་ཚོགས་སུ་སྟོན་པ་ལ་བྱ་བས་ན། སྤྲུལ་པའི་སྐུ་ཞེས་བྱ་’’
ཞེས་སཾ་བོད་ཤན་སྦྱར་ལ་བོད་ཡིག་གིས་འགྲེལ་བཤད་གནང་བ་དང་། དེ་བཞིན་དུས་ཐོག་དེ་རང་ལ་བྱེ་བྲག་རྟོག་བྱེད་ཆེན་པོར་ཐ་སྙད་དགུ་སྟོང་བཞི་བརྒྱ་ཉི་ཤུ་ཙམ་བསྒྱུར་འགྲེལ་བྱས་ཡོད་པ། དཔེར་ན། ཤཱསྟཱ། སྟོན་པ། ཛི་ནཿ  རྒྱལ་བ། ལོ་ཀ་ཛྱེཥྛཿ། འཇིག་རྟེན་གྱི་གཙོ་བོ་ལྟ་བུ། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བརྩམས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་དུ་མདོ་སྡེ་དང་བསྟན་བཅོས་དང༌། ཤེས་རབ་འབུམ་པ་དང༌། ཡོ་ག་ཙཱརྱ་ལ་སོགས་པ་གཞུང་ཐ་དད་པ་མང་པོའི་ནང་ནས་དོན་འདུས་པའི་ཚིག་འཇེབས་འཇེབས་མདོ་ཙམ་བཏུས་ཏེ། མ་ཚིག་དང་འགྲེལ་ཚིག་གཉིས་ཀ་བོད་སྐད་ཡིན་པ་དོན་འགྲེལ་དང་གྲངས་འགྲེལ་སོགས་བྱས་ཡོད་པ། དཔེར་ན། མ་ཚིག་འཁོན་དུ་འཛིན་པ་ལྟ་བུ་ལ། ‘‘འཁོན་དུ་འཛིན་པ་ནི་མདུད་པར་འཛིན་པའོ་ཞེས་བྱ་བ་ནི་བདག་དང་བདག་གི་གཉེན་ལ་སོགས་པ་རང་གི་འཁོར་རྣམས་ལ་གནོད་པ་བྱེད་པའི་དགྲ་ལ་སོགས་པ་ལ་ནམ་ཞིག་ན་གནོད་པ་མ་བྱས་པར་མི་བཏང་ངོ་སྙམ་དུ་སེམས་པ་’’ཞེས་དོན་འགྲེལ་དང་། ‘‘གཟུགས་རྣམ་པ་གསུམ་སྟེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང༌། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང༌། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་དང་གསུམ་མོ་’’ལྟ་བུ་གྲངས་འགྲེལ་དུ་བཀོད་པ་སོགས་ཧ་ཅང་སྤུས་ལེགས་པའི་ཚིག་མཛོད་འདི་དག་ནི་མི་ལོ་ཆིག་སྟོང་ཉིས་བརྒྱའི་སྔོན་གྱི་བོད་ཀྱི་ཚིག་མཛོད་རིགས་མ་འདྲ་བ་བཞིཟ་ཡིན་ཞིང་། 
ད་ལྟའི་བར་རང་རེའི་མིག་གི་རྒྱན་དུ་ལྷང་ངེར་བཞུགས་ཡོད་པ་ཙམ་དུ་མ་ཟད། ཕྱི་ནང་གི་མཁས་པ་རྣམས་ཀྱིས་ད་ལྟའི་ཆར་ཡང་ཡིག་བསྒྱུར་གྱི་ཆེད་བེད་སྤྱོད་གནང་དང་གནང་བཞིན་ཡོད་ལ། འདི་དག་གི་བཀའ་དྲིན་དང་ནུས་པ་ལ་བརྟེན་ནས་བོད་དུ་བཀའ་བསྟན་པོད་བརྒྱ་ཕྲག་མང་པོ་བསྒྱུར་ཞུས་གཏན་ལ་ཕབ་པའི་ཐ་སྙད་ཁག་གཅིག་གྱུར་དང་གཏིང་ཟབ་བྱུང་བ་ཡིན། དེ་བཞིན་ཏུན་ཧོང་ནས་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཐོན་པ་ཡང་འཛམ་གླིང་ནང་གི་ཆེས་སྔ་བའི་གྲས་ཡིན། 

བསྟན་པ་ཕྱི་དར་སྐབས་ཀྱང་མིང་སྣ་ཚོགས་བཏགས་མིན་ལ་མ་ལྟོས་པར་ཚིག་མཛོད་ཆེ་ཆུང་མང་པོ་བྱུང་ཡོད། ཕྱི་གླིང་པ(Orazio della Penna)ཨོ་ར་ཛིའོ་ཌེལ་ལ་ཕེན་ན་ཞེས་ཕྱི་ལོ་ ༡༧༡༦/༡༠/༡ ཉིན་བོད་དུ་སླེབས། སེ་རར་ཟླ་བ་ ༩ དགུའི་རིང་སློབ་གཉེར་དང་བཅའ་སྡོད་བྱས། བོད་ཀྱི་ཐུན་མོང་གི་རིག་གནས་སོགས་སེ་རའི་མཁས་པ་ཞིག་གི་དྲུང་ནས་ལོ་བཞིའི་རིང་སྦྱངས། མ་ཚིག་ ༣,༣༠༠ སུམ་སྟོང་སུམ་བརྒྱ་ཡོད་པའི་བོད་དང་ཨི་ཊ་ལིའི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་དེ་སེ་རར་བརྩམས། དེ་ནི་བོད་དང་ཨི་ཊ་ལིའམ་ཡུ་རོབ་ཀྱི་ཚིག་མཛོད་ཐོག་མ་དེ་ཡིན། ཁྱད་པར་ལྕང་སྐྱ་རིན་པོ་ཆེས་གཙོ་འགན་བཞེས་ནས་སྐད་ལྔ་ཤན་སྦྱར་གྱི་ཚིག་མཛོད་བསྒྲིགས་པ་དང་། ཕྱི་ལོ་ ༡༨༣༤ ལ་ཟངས་དཀར་གྱི་སློབ་དཔོན་རྗེ་སངས་རྒྱས་ཕུན་ཚོགས་དང་། ཕྱི་གླིང་གི་སློབ་གཉེར་པ་ཀོ་རོ་ཤི་ཅོ་མ་ཤཱན་དོར་(Alexander Csoma de Ko”ros)གཉིས་ཀྱིས་བོད་ཀྱི་མིང་གི་མཛོད་ཅེས་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་བསྒྲིགས་པ་བོད་དབྱིན་ཚིག་མཛོད་ཀྱི་ཐོག་མ་ཡིན་པར་སྣང་། 

དེ་ལྟར་བོད་སྐད་དང་གཞན་སྐད་ཤན་སྦྱར་བྱས་ནས་བཟོས་པའི་ཚིག་མཛོད་འདྲ་མིན་ཧ་ཅང་མང་པོ་དར་ཡོད་པ་འདིས། མི་རིགས་གཞན་གྱི་རིག་གཞུང་ནང་འདྲེན་དང་། རང་གི་རིག་གཞུང་དར་སྤེལ་བྱས་ཡོད་པ་གསལ་པོར་མཚོན་ནུས་ལ། ཡབ་མེས་གོང་མ་དག་གི་མཛད་རྗེས་ཀྱང་མཐོང་ཐུབ། དེ་བཞིན་ཉེ་བའི་དུས་རབས་ནང་སྤྱི་དང་སྒེར་མང་པོས་ཚིག་མཛོད་གང་འཚམ་མང་པོ་བསྒྲིགས་དང་སྒྲིག་བཞིན་ཡོད་ཀྱང་། ཕལ་མོ་ཆེ་ཐ་སྙད་ཅིག་ལ་འགྲེལ་བཤད་བརྒྱབ་པ་ཙམ་ལས་དེང་རབས་ཚིག་མཛོད་རིག་པའི་གཞུང་ལུགས་དང་མཐུན་པའི་ཚིག་མཛོད་སྤུས་དག་པོ་ཞིག་བྱུང་ཐུབ་མེད་པ་ཧ་ཅང་གསལ་བོ་ཡིན་པས། ད་ཆ་རང་རེ་དུས་རབས་འདིར་རིག་པའི་གཞུང་ལུགས་དང་མཐུན་ཞིང་། དུས་རབས་ཀྱི་རྗེས་ཟིན་པའི་ཚིག་མཛོད་ཅིག་བསྒྲིག་དགོས་པ་ཁ་ཚ་དགོས་གཏུགས་ཡིན་པ་ལས་གྲངས་ཀ་ཙམ་གྱིས་ཚིམས་ནས་སྡོད་པ་ནི་རྒུད་པའི་སྒོ་ཉག་གཅིག་ཏུ་མཐོང་ལ། 
ཚིག་མཛོད་ཀྱི་གྲངས་ཀ་མང་ཡང་མ་ཚིག་གི་གྲངས་འབོར་ཤིན་ཏུ་ཉུང་བ། འགྲེལ་བཤད་ཀྱི་སྤུས་ཚད་དེ་ལས་ཞན་པ། འདི་དག་ལ་ཡར་རྒྱས་གཏོང་མ་ནུས་ཚེ། ང་ཚོ་མི་རབས་ཕྱི་མ་རྣམས་ཀྱི་སྔུན་ནས་ངོ་གནོང་དགོས་པ་དང་། བོད་ཀྱི་རིག་གཞུང་སྤྱིའི་གྱོང་གུད་ཅིག་ཏུ་ངེས་པས་ང་ཚོས་འབད་བརྩོན་ལྷོད་མེད་དགོས་པ་ཧ་ཅང་གལ་ཆེ། ང་ཚོའི་ཡབ་མེས་གོང་མ་དག་གི་ཤེས་རིག་དཔལ་ཡོན་སྤྱི་དང་ཁྱད་པར་ཚིག་མཛོད་ལྟ་བུ་ལ་མཚོན་ན། སྐབས་དེ་དུས་ཀྱི་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་གྲས་སུ་སླེབས་ཡོད་པ། གོང་སྨོས་འཛམ་གླིང་གི་ཆེས་སྔ་བའི་ཚིག་མཛོད་ཁག་དང་ང་ཚོའི་ཚིག་མཛོད་སྔ་ཤོས་དག་བསྡུར་ན་ཤེས་ནུས། ཡིན་ཡང་། དུས་རབས་འདིར་ཕྱི་ནང་གི་འགལ་རྐྱེན་མང་པོའི་དབང་གིས་རང་རེ་མི་རིགས་འཆི་གསོན་གྱི་དུས་སུ་སླེབས་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་ཤེས་གསལ་ཡིན། 
དེས་ན་ཧ་ཅང་ཉག་ཕྲ་བའི་བོད་ཀྱི་གནས་བབ་འདི་བླ་ན་མེད་པའི་ལས་དོན་གྱི་ལམ་བུ་དང་། འབུར་དུ་ཐོན་པའི་གྲུབ་འབྲས་ཀྱི་མཐུན་རྐྱེན་ཡང་ཡིན་སྲིད། མདོར་ན་བོད་ཀྱི་ཤེས་ཡོན་པ་དག་མཉམ་འབྲེལ་གནང་ནས་མ་འོངས་བུ་རབས་ཚ་རྒྱུད་ལ་ལེགས་སྐྱེས་ཅི་ཞིག་འཇོག་དགོས་མིན། རང་གི་རིག་གཞུང་གིས་རང་ཉིད་ཇི་ལྟར་སྐྱོབ་ཏུ་འཇུག་རྒྱུ་ལ་བསམ་གཞིག་ནན་མོ་གཏོང་དགོས་པའི་དུས་སུ་བབས་པར་མཐོང་། རིག་གཞུང་ཞིག་གིས་མི་རིགས་སྐྱོབ་ཐུབ་མིན་ནི། མི་རིགས་དེས་རིག་གཞུང་བེད་སྤྱོད་གཏོང་སྟངས་ལ་རག་ལས་པར་སེམས། 
དུས་དང་དགོས་མཁོ་ཁོར་ཡུག་བཅས་ལ་གཞིག་ནས་བླང་དོར་ཡོད་པའི་སྒོ་ནས་རིག་གཞུང་བེད་སྤྱོད་གནང་རྒྱུ་གལ་ཆེ་བ་ལས། ལར་ཞེན་དང་རང་མཐོང་། དམ་འཛིན་ཙམ་གྱིས་རིག་གཞུང་གིས་མི་རིགས་ཀྱང་སྐྱོབ་མི་ཐུབ་ལ། མི་རིགས་ཀྱིས་རིག་གཞུང་ཡང་སྐྱོབ་མི་ནུས་སྟབས། འདི་ནས་ང་ཚོས་བོད་རང་སྐད་ཀྱི་ཆོས་ཉིད་དང་མཐུན་པ་སྟེ། རིགས་པས་དཔྱད་ན་དོན་ལ་གནས་དགོས་པ་དང་གཅིག སྔར་ཡོད་རྒྱུན་འཛིན་ཙམ་མ་ཟད་གཙོ་བོ་གསར་གཏོད་དམ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དགོས་པ་དང་གཉིས། སྐད་ཡིག་གྲགས་ཅན་གཞན་གྱི་སྤྱི་འགྲོས་དང་ཕྱོགས་མཐུན་ཆགས་དགོས་པ་དང་གསུམ། དབྱེ་གཞི་དབྱེ་བའི་ཡ་གྱལ་དུ་མ་སོང་ཞིང་དགོས་མེད་ཀྱི་རྣམ་གྲངས་མང་པོ་བཀར་བ་ལྟ་བུ་མིན་པར་དབྱེ་བ་མཚན་ཉིད་པ་ཡིན་དགོས་པ་དང་བཞི་གཞི་ལ་བཟུང་ཞིང་།  མི་རེ་གཉིས་ཀྱི་བསམ་ཚུལ་གཙོར་འདོན་བྱས་པ་ཙམ་མ་ཡིན་པར་བོད་ཕྱི་ནང་གི་ཆེད་མཁས་པ་མང་པོར་འདྲི་གཏུགས་འབྲེལ་འདྲིས་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ཁྱད་པར་རིས་སུ་མ་ཆད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པར་སྙན་གསན་ཕབ་ཅིང་། ཆོས་བརྒྱུད་རང་རང་གི་ཆེད་ལས་རྩོམ་སྒྲིག་ཁང་དམིགས་འཛུགས་བྱས་ཏེ། ཆོས་ལུགས་ཀྱི་ཐ་སྙད་ཁག་གི་འགྲེལ་བཤད་དང་གོ་དོན་གང་ཡིན་མདོ་སྔགས་གྲུབ་མཐའ་སོ་སོའི་སྐབས་ཀྱི་འཇུག་དོན། སྒྲ་མཐུན་དོན་དཔག་གི་སྐབས་ཤན་ཕྱེ་ནས་འགྲེལ་བཤད་དགོས་པའི་བླང་བྱ་བཏོན་ཡོད། 

དེ་བཞིན་ཡུལ་ལུང་འདྲ་མིན་གྱི་ཡུལ་སྐད་བསྡུ་སྒྲིག ཚོ་སྡེ་སོ་སོའི་ལོ་རྒྱུས་གོམས་སྲོལ། སྨན་རྩིས་ལོ་རྒྱུས་སོགས་རིག་ཚན་སོ་སོའི་ཆེད་ལས་པར་མཉམ་འབྲེལ་གྱིས་ཕྱོགས་མེད་རིས་མེད་ཀྱི་ལྟ་ཚུལ་བཟུང་ཡོད་སྟབས། ཉེ་རབས་ཀྱི་གྲགས་ཅན་ཚིག་མཛོད་ཁག་ཅིག་གི་མིང་བརྡའི་འགྲེལ་བཤད་རྒྱག་སྟངས་ཐད་གནད་དོན་ཡོད་པ། བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་མཚོན་པའི་ཐ་སྙད་ཁག་ལ་ཕྱོགས་གཅིག་ཁོ་ནའི་ལྟ་ཚུལ་གྱིས་འགྲེལ་བཤད་བརྒྱབ་ཡོད་པ། བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་རིག་གནས་སོགས་ཀྱི་བརྡ་ཆད་ཁ་མི་ཚང་བ།  གཞུང་དོན་དང་མི་མཐུན་པའི་འགྲེལ་ལོག་བརྒྱབ་པ་ཁག་གཙང་སེལ་ཐུབ་པའི་རེ་བ་བཅངས་ཡོད་ལ།  ད་ལྟའི་བར་དུ་ང་ཚོས་ལས་ཀའི་ཉམས་མྱོང་དང་མཁས་པ་མང་པོའི་དགོངས་ཚུལ་བཅས་ཕྱོགས་བསྡོམས་ཀྱིས་ཚིག་མཛོད་ཆེན་མོ་འདི་ལ་སྔར་མེད་ཁྱད་ཆོས་གང་ཞིག་ཡོད་དམ་ཞེ་ན།  
སྔ་མ་རྣམས་ལ་ལྟོས་ན་ཚིག་མཛོད་ཆེན་མོ་འདིར་ཚིག་མཛོད་རིག་པའི་སྒྲོམ་གཞི་ཆ་ཚང་བ་ཞིག་ཡོད་པ་སྟེ། 
དང་པོ། བརྡ་སྤྲོད་ཀྱི་དབྱེ་བ་ལེགས་པར་ངོས་བཟུང་ཡོད། བརྡ་སྤྲོད་ཀྱི་དབྱེ་བ་ཁག་ལེགས་པར་ངོས་མ་ཟིན་ཕྱིན། མ་ཚིག་གི་སྤུས་ཚད་འཇལ་བའི་ཚད་གཞི་མི་རྙེད་ལ། འགྲེལ་ཚིག་གི་ཁ་ཕྱོགས་ཀྱང་ལེགས་པར་ངོས་མི་ཟིན་ཅིང་། སྐད་ཡིག་སློབ་གཉེར་བ་དག་གིས་ཚིག་གི་གོ་རིམ་དང་རྣམ་གཞག སྐད་ཡིག་གི་གནད་ལེགས་པར་མི་རྟོགས་མོད། ད་བར་རང་རེ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཕལ་མོ་ཆེ་རྩེ་མོ་ནས་བསྐོར་བ་ལས་རྩ་བ་ནས་བསྔོགས་པའི་ལུགས་སྲོལ་མ་བྱུང་བས་གཞི་རིམ་མི་དམངས་དང་སྐད་ཡིག་གཉིས་པ་སློབ་མཁན་ཁག་ལ་ཕན་ཐོགས་ཡོད་པའི་བརྡ་སྤྲོད་ཀྱི་གཞུང་ཞིག་ཧ་ལམ་མཛུབ་མོ་གཟུགས་ས་རྙེད་དཀའ་བ་ཞིག་ཡིན། 
དབྱིན་སྐད་དུ་ Part of speech ཞེས་པ་བོད་སྐད་དུ་བརྡ་སྤྲོད་ཀྱི་དབྱེ་བ་ཞེས་པ་ཡིན་ལ། ད་བར་བོད་ཀྱི་མཁས་པ་ཚོས་མིང་དང་དབྱེ་སྒོ་སྣ་ཚོགས་ཤིག་བྱས་ཡོད་ཀྱང་གཅིག་གྱུར་ལེགས་པོ་ཞིག་བྱུང་མེད། ཕྱི་ལོ་ ༡༩༧༩ ལོ་རྒན་བསམ་གཏན་གྱིས་གཙོ་བསྒྲིགས་གནང་བའི་དག་ཡིག་གསར་བསྒྲིགས་སུ་ཐ་སྙད་ཀྱི་རིགས་ཞེས། མིང་ཚིག ཚབ་ཚིག རྒྱན་ཚིག གྲངས་ཚིག ལས་ཚིག བསྣན་ཚིག སྦྱོར་ཚིག སྦྲེལ་ཚིག གྲོགས་ཚིག འབོད་སྒྲ་བཅས་སྡེ་ཚན་བཅུ་ཅན་ཞིག་བཀོད་ཡོད། དེ་རྗེས་རྒྱ་མི་ཀྲང་ལེན་ཧྲིན་གྱིས་གཙོ་སྒྲིག་བྱས་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་རྒྱུན་སྤྱོད་ཐ་སྙད་ཅེས་པའི་དེབ་སྒྲིག་སྐབས། ཕྱི་ལོ་༡༩༧༩ལོར་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། པེ་ཅིན་སོགས་ཀྱི་འབྲེལ་ཡོད་ཁག་ལ་བསམ་ཚུལ་བསྡུ་ལེན་བྱས་ནས་ཕྱི་ལོ་ ༡༩༨༡ ལོར་པར་དུ་བཏབ་པའི་ནང་། མིང་ཚིག བྱ་ཚིག རྒྱན་ཚིག ཚད་གཞིའི་ཚིག ཚབ་ཚིག བསྣན་ཚིག སྦྱོར་ཚིག སྦྲེལ་ཚིག ཚིག་གྲོགས། ངོ་མཚར་བའི་ཚིག་ཅེས་དབྱེ་བ་བཅུ་གཅིག་བཀར་ཡོད། འདི་གཉིས་བོད་ཀྱི་བརྡ་སྤྲོད་ནང་དབྱེ་བ་འདི་རིགས་ཕྱེ་བའི་ཐོག་མ་ལྟ་བུ་ཡིན་ཡང་།  ཞིབ་གསལ་གྱི་འགྲེལ་བཤད་མེད་པ། བོད་རང་གི་སྐད་བརྡའི་གཤིས་ལ་མི་མཐུན་པ་ཡོད་པ། བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆུང་བ་བཅས་ཀྱིས་ད་བར་སྐད་ཡིག་གསར་སློབ་དང་གཞི་རིམ་སློབ་ཚན་ནང་བཀོལ་སྤྱོད་ཐུབ་མེད། 
དེ་རྗེས་བོད་རྒྱ་ཚིག་མཛོད་ཆེན་མོར། རྒྱ་ཡིག་ལ་མིང་གི་རྣམ་གྲངས་བཅུ་གཅིག་དབྱེ་བ་བཀར་ཡོད་པ། བྱ་བྱེད་ཐ་དད་པ། བྱ་བྱེད་ཐ་མི་དད་པ། ཁྱད་གཞིའི་མིང་། ཁྱད་ཆོས་ཀྱི་མིང་། སྤྱི་སྒྲ་དང་དེ་སྒྲ། གྲངས་ཚིག ཕྲད། ཚིག་རྒྱན། ཚིག་གྲོགས། རྣམ་དབྱེའི་རྐྱེན། འབོད་སྒྲ་བཅས་དང་། ལྕགས་ཐར་རྒྱལ་གྱི་བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་དུ། མིང་གི་བྱེད་ལས་ཀྱི་དབྱེ་བ་ལ། ཁྱད་གཞི་བརྗོད་པའི་མིང་། ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། འཇལ་བྱེད་ཀྱི་མིང་། ཤུགས་འདོན་པའི་མིང་། ངེས་བཟུང་གི་མིང་། གསལ་བྱེད་ཀྱི་མིང་། ཚིག་ཕྲད། འབོད་ངག་གསལ་བྱེད་ཀྱི་མིང་། ཆེད་མིང་། སྐད་ཆ། བརྡ་སྤྲོད། དཔེ་ཆོས། ཚིག་བཅས་ཀྱི་དབྱེ་བ་བཀར། སུམ་པ་དོན་གྲུབ་ཚེ་རིང་གི་སྐད་བརྡ་རིག་པའི་སྤྱི་དོན་ལས། མིང་གི་དབྱེ་བ་ལ། མིང་ཚིག བྱ་ཚིག རྒྱན་ཚིག གྲངས་ཚིག ཚད་ཚིག ཚབ་ཚིག བསྣན་ཚིག འབོད་ཚིག ཚིག་ཕྲད། སྦྱོར་ཚིག སྦྲེལ་ཚིག་བཅས་སུ་དབྱེ་ཡོད། དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་དུ། མིང་གི་རིགས་ཀྱི་དབྱེ་བ་ལ། དངོས་པོའི་མིང་། ཁྱད་ཆོས་ཀྱི་མིང་། བྱ་བའི་མིང་། གྲངས་ཀའི་མིང་བཅས་སུ་ཕྱེ་འདུག ཐུབ་བསྟན་སྦྱིན་པའི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག་ཏུ། བརྗོད་པ་ངག་གི་ཆ་ཤས་ཞེས། མིང་ཚིག མིང་ཚབ། མིང་གྲོགས། མཇུག་སྡུད་ཀྱི་ཚིག བྱ་ཚིག ཁྱད་ཚིག རྣམ་འགྱུར་གྱི་ཚིག མཚུངས་པ་གསལ་བྱེད་ཀྱི་ཚིག གནས་སམ་ཕྱོགས་དང་དུས་བརྗོད་པའི་ཚིག ཚིག་ཕྲད། སྤྱི་སྒྲ་དང་དྲི་ཚིག འབོད་སྒྲ་བཅས་སུ་དབྱེ་ཡོད་པ་སོགས་དབྱེ་སྒོ་དང་མིང་འདོགས་ལུགས་སྣ་ཚོགས་སུ་མཆིས་ལ། 
བོད་སྐད་ཀྱི་མིང་གི་མཛོད་དུ་བོད་ཡིག་ཐོག་དབྱེ་བ་བཀར་མེད་ཀྱང་། དབྱིན་ཇི་ལ་དབྱེ་བ་དགུ་བྱས་ཡོད་པ་སོགས་ལ་དཔྱད་བསྡུར་དང་འདོར་ལེན། སྔ་རབས་མཁས་པའི་གསུང་རྩོམ་སྣ་མང་ལ་ཞིབ་འཇུག་དང་། ང་ཚོའི་ཚིག་མཛོད་ནང་མིང་ཚིག ༩༧༨༦༣ རྒྱན་ཚིག ༤༠༠༣ བྱ་ཚིག ༢༧༧༦ བསྣན་ཚིག ༥༥༨ སྒྲུབ་ཚིག ༩༡ ཚབ་ཚིག ༡༩༡ ཕྲད་ཚིག ༢༣༠ འབོད་ཚིག ༡༡༨ གྲངས་ཚིག ༣༥༦ འཇལ་ཚིག ༤༨ གྲོགས་ཚིག ༩༢ མཚུངས་ཚིག ༩༨་བཅས་ཁྱོན་ཐ་སྙད་ཆིག་འབུམ་བདུན་སྟོང་བརྒྱ་དང་བཅུ་གསུམ་ཙམ་དབྱེ་བ་འདི་དག་གི་ཁོངས་སུ་བཅུག་པའི་ཉམས་མྱོང་དང་དཔྱད་བསྡུར་ཟུང་འབྲེལ་གྱིས་བརྡ་སྤྲོད་ཀྱི་དབྱེ་བའམ་སྡེ་ཚན་བཅུ་གཉིས་བྱས་ཡོད་པ། 
མིང་ཚིག རྒྱན་ཚིག བྱ་ཚིག  བསྣན་ཚིག ཕྲད་ཚིག ཚབ་ཚིག གྲོགས་ཚིག སྒྲུབ་ཚིག གྲངས་ཚིག འཇལ་ཚིག མཚུངས་ཚིག འབོད་ཚིག་བཅས་སུ་གཏན་ལ་ཕབ་ཡོད་ལ། འདི་ལྟར་བརྡ་སྤྲོད་ཀྱི་དབྱེ་བ་ཕྱེ་བ་ནི་ཚིག་མཛོད་ཙམ་མ་ཡིན་པར་སྐད་ཡིག་སློབ་གཉེར་བྱེད་པ་ལ་ཆེས་མཁོ་གལ་ཆེ་བ་སྟེ། ཉམས་ཞིབ་པ་དང་ཉམས་མྱོང་ཅན་མང་པོས་གསུངས་ན། སྤྱིར་སྐད་ཡིག་གཉིས་པ་ཞིག་སྦྱོང་བའི་དུས་ཡུན་ལོ་གསུམ་ཙམ་ཡིན་ཡང་། མི་རིགས་གཞན་པའི་བོད་སྐད་སྦྱོང་མཁན་རྣམས་ཀྱིས་ལོ་གསུམ་ནང་བོད་སྐད་ཤེས་ཐུབ་ཀྱི་མེད་པ། གཙོ་བོ་རྒྱལ་སྤྱིའི་སྤྱི་འགྲོས་དང་མཐུན་པའི་བརྡ་སྤྲོད་ཀྱི་དབྱེ་བ་འདི་རིགས་བཀར་མ་ཐུབ་པ་ལ་ཐུག་ཡོད་པར་གསུང་གིན་ཡོད་པ་དོན་ལ་ཡང་གནས་ངེས། དེས་ན་ང་ཚོས་དབྱེ་ཞིབ་བླང་དོར་ཞིབ་ནན་སྒོས་བརྡ་སྤྲོད་ཀྱི་དབྱེ་བ་འདི་དག་ལ་ཞིབ་ཚགས་བྱས་ཡོད། བརྡ་སྤྲོད་ཀྱི་དབྱེ་བ་ཁག་གི་ངོ་སྤྲོད་དང་། དོགས་སློང་། དཔྱད་བརྗོད། དབྱེ་བ་རེ་རེ་ལ་ཡང་ནང་གསེས་མང་ཙམ་ཡོད་པ་ཟུར་དུ་བརྡ་སྤྲོད་ཁག་གི་ངོ་སྤྲོད་རྒྱས་པ་ཞིག་འདོན་འཆར་ལགས་པས་དེར་གཟིགས་པར་འཚལ།  

གཉིས་པ། ཚིག་མཛོད་རིག་པའི་འགྲོས་ལྟར་འགྲེལ་བཤད་ཀྱི་ཚད་གཞི་གཏན་འབེབས། འགྲེལ་བྱའི་རིགས་མི་འདྲ་བ་སུམ་ཅུ་སོ་དྲུག་ཙམ་ཕྱེ་ཞིང་། དེ་དག་ལ་འགྲེལ་བཤད་ཀྱི་ཚད་གཞི་ཞིབ་གསལ་བཟོས་ཡོད། འགྲེལ་ཚུལ་གྱི་ཐབས་ལམ་ལའང་།
༡ དོན་འགྲེལ། ལྟ་གྲུབ་ཀྱི་སྐོར་མཚན་ཉིད་དང་། སྨན་རྫས་སྐྱེ་དངོས་སོགས་ལ་གྲུབ་ཆ་དང་། བྱེད་ལས་དང་ནུས་པ་སོགས་ཀྱི་སྒོ་ནས་འགྲེལ་བ།
༢ ཚིག་འགྲེལ། རྗེས་གྲུབ་གྱི་མིང་རྣམས་ངེས་ཚིག་གི་སྒོ་ནས་འགྲེལ་བ། 
༣ གྲངས་འགྲེལ། དབྱེ་བ་ཁག་རྣམ་གྲངས་གྲངས་འདྲེན་དང་ཁུངས་ལུང་གསལ་སྟོན།
༤ རིས་འགྲེལ། མཆོད་རྫས་ཀྱི་རིགས་དང་རྩ་རླུང་འཁྲུལ་འཁོར་སོགས་དཔེ་རིས་བཀོད་ནས་འགྲེལ་བ།  
༥ སྐབས་འགྲེལ། སྒྲ་མཐུན་དོན་དཔག་རྣམས། དུས་གནས་སོགས་སྐབས་ཐོབ་དང་གཞུང་ལུགས་ཀྱི་དབང་གིས་སྐབས་ཤན་ཕྱེ་ནས་འགྲེལ་བ། 
༦ མིང་འགྲེལ། དོན་གཅིག་མིང་གི་རྣམ་གྲངས་ལ་ཡོངས་གྲགས་མ་ཡིན་པའི་མིང་ཡོངས་གྲགས་ཀྱིས་འགྲེལ་བ།  
༧ དཔེ་འགྲེལ། སྙན་ངག་དང་བརྡ་སྤྲོད་ཀྱི་སྐོར་ལ་བཀོལ་སྤྱོད་དོན་མཐུན་གྱི་དཔེ་བརྗོད་འཇོག་པ། 
༧ སྒྲུང་འགྲེལ། མངོན་བརྗོད་ཀྱི་རིགས་མང་པོའི་མིང་གི་བྱུང་རིམ་དང་འབྲེལ་ནས་བཤད་པ། 
༨ ཞོར་འགྲེལ། འབྱུང་ཁུངས་དང་སྤྱོད་སྒོ་ཁག་ཐ་སྙད་དེའི་འབྱུང་ཁུངས་དང་བེད་སྤྱོད་སོགས་གསལ་སྟོན་བྱེད་པ།  
༩ རྣམ་པ་བཀོད་འགྲེལ། རྒྱན་ཚིག་གི་རིགས་ལ་མཚོན་བྱའི་དངོས་པོའི་རྣམ་པ་བཀོད་འབྲི་བྱེད་པ། 
༡༠ ལྡོག་འགྲེལ། རྒྱན་ཚིག་གི་སྐོར་འགའ་ལྡོག་ཕྱོགས་ཀྱི་ཚིག་གིས་འགྲེལ་བ། 
 ༡༡ འབྱུང་འགྲེལ། ལོ་རྒྱུས་ཀྱི་སྐོར་རྣམས་བྱུང་རིམ་གྱི་སྒོ་ནས་འགྲེལ་དགོས། དཔེར་ན། དུས། ཡུལ། བྱ་བ། མི་སྣ་བཅས་བཀོད་ནས་འགྲེལ་བ། 
༡༢ བསྒྱུར་འགྲེལ། སྐད་ཡིག་གཅིག་གི་དགྲོལ་བྱའི་མིང་ལ་སྐད་ཡིག་གཞན་པ་ཞིག་གིས་འགྲེལ་བ་བཅས་འགྲེལ་ཚུལ་མི་འདྲ་བ་བཅུ་གཉིས་ཙམ་བེད་སྤྱོད་བྱས་ཡོད་པ་ཙམ་དུ་མ་ཟད། ཐ་སྙད་གཅིག་ལ་འཇུག་དོན་མ་འདྲ་བ་ཡོད་པ་རྣམས་དབྱེ་བ་ཕྱེ་ནས་བཀོད་ཡོད། ཐ་སྙད་ཁག་གི་འཇུག་དོན་ཞིབ་པར་མ་ཕྱེ་བར་ཚིག་མཛོད་དུ་ཐ་སྙད་ཀྱི་འཇུག་དོན་གཅིག་ཙམ་ལས་མ་བཀོད་པས་ཡིག་སྒྱུར་པ་དག་ལ་ནོར་འཁྲུལ་ཚབས་ཆེན་འབྱུང་གིན་ཡོད་པ། དཔེར་ན། རྒྱ་དབྱིན་གྱི་ཡིག་སྒྱུར་མཁན་འགས་གདོན་མི་ཟ་ཞེས་པ་འདྲེ་མི་ཟ་དང་། གདོན་འདྲེ་མི་ཟ་མཁན། དེ་བཞིན་རྐང་པ་བཞི་པའི་དོན་གོང་དུ་བསྟན་ཟིན་ལྟ་བུའི་སྐབས་རྐང་པ་བཞི་པ་དུད་འགྲོ་ལ་བསྒྱུར་པ་སོགས་དགོད་བྲོ་བའི་གཏམ་རྒྱུད་མང་པོ་བྱུང་མྱོང་། འདི་དག་ཚིག་མཛོད་རྩོམ་སྒྲིག་པ་དག་གིས་ཐ་སྙད་ཀྱི་འཇུག་དོན་སོ་སོར་མ་བྱས་པ་དང་ཞིབ་མ་ཚགས་པ་ལ་ཐུག་ཡོད། 
གསུམ་པ། རིག་ཚན་མ་འདྲ་བའི་བརྡ་ཆད་ཀྱི་དབྱེ་བ་ལ། ཆོས་ལུགས་ཀྱི་བརྡ་ཆད། ལོ་རྒྱུས་ཀྱི་བརྡ་ཆད། ལྟ་གྲུབ་ཀྱི་བརྡ་ཆད། རྩོམ་རིག་གི་བརྡ་ཆད། གསོ་རིག་གི་བརྡ་ཆད། ཆབ་སྲིད་ཀྱི་བརྡ་ཆད། ཚན་རིག་གི་བརྡ་ཆད། བཟོ་རིག་གི་བརྡ་ཆད། རྩིས་རིག་གི་བརྡ་ཆད། ཁྲིམས་ལུགས་ཀྱི་བརྡ་ཆད། དཔལ་འབྱོར་རིག་པའི་བརྡ་ཆད། དམག་དོན་རིག་པའི་བརྡ་ཆད། འཛིན་སྐྱོང་གི་བརྡ་ཆད། སྒྲ་རིག་པའི་བརྡ་ཆད། ཤེས་ཡོན་ནམ་སློབ་གསོའི་བརྡ་ཆད། ཚད་མ་རིག་པའི་བརྡ་ཆད་བཅས་བཅུ་དྲུག་གཏན་འབེབས་དང་།  
བཞི་པ། སྤྱོད་སྒོའི་རྣམ་གྲངས་ལ། མངོན་བརྗོད། བརྡ་རྙིང་། ཞེ་ས། བརྙས་ཚིག ཡུལ་སྐད། ལོག་སྐད། དཔེ་ཆོས་བཅས་དང་། 
ལྔ་པ། རྒྱུན་སྤྱོད་གཏན་འབེབས་བྱས་པ། དེ་ཡང་དམངས་ཡོངས་ཀྱི་རང་བཞིན་ཡིན་པ། བཀོལ་ཡུན་རིང་བ། ཐ་སྙད་མང་པོའི་གྲུབ་གཞིར་ཆགས་པ་ལ་ཚད་གཞི་བཟུང་ཡོད། 
དྲུག་པ། མིང་གི་རྣམ་གྲངས་ནི། འདི་ནི་བོད་སྐད་ཀྱི་ཁྱད་ཆོས་ཤིག་ཡིན་སྟབས། གཙོ་བོའི་ཐ་སྙད་ཀྱི་འོག་ཏུ་མིང་གི་རྣམ་གྲངས་རྣམས་ཕྱོགས་བསྡུས་བྱས་ཡོད། 
བདུན་པ། འདྲ་ཚིག་གི་རྣམ་དབྱེ། མཐའ་གཅིག་ཏུ་འདྲ་བ་མིན་ཡང་ཕྱོགས་འདྲ་བའི་ཚིག་རྣམས་ཟུར་དུ་བཀོད་ནས་འབྲི་རྩོམ་དང་གོ་བ་ལེན་པར་ལས་སླ་རུ་བཏང་བ་སོགས་ཅུང་ཞིབ་ཚགས་པོ་བྱས་ཡོད་པ་ཚིག་མཛོད་ངོ་སྤྲོད་ཟུར་དུ་ཡོད་པ་ལ་གཟིགས་ན་མཐོང་ཐུབ། 
བརྒྱད་པ། ལྡོག་ཚིག་ངོས་འཛིན། རྒྱན་ཚིག་དང་ལྟོས་གྲུབ་ཀྱི་མིང་གི་ལྡོག་ཚིག་ངོས་བཟུང་སྟེ་གསར་སློབ་དང་སྐད་ཡིག་གཉིས་པ་སྦྱོང་མཁན་རྣམས་ལ་སྟབས་བདེ་རུ་བཏང་ཡོད། 
དགུ་པ། བསྡུར་རིམ།  ཚད་ཡོད་པའི་རྒྱན་ཚིག་རྣམས་ལ་བསྡུར་རིམ་གྱི་རྣམ་གཞག་གསར་དུ་ཕྱེ་ཡོད། 
བཅུ་པ། བསྡུས་ཚིག  ཚིག་རིང་པོ་ཁག་ལ་བསྡུས་ཚིག་བཀོད་ནས་རྩོམ་འབྲི་དང་གོ་བ་ལེན་པ་ལས་སླ་རུ་བཏང་བ།
བཅུ་གཅིག་པ། དཔེ་རིས། ཚིག་གི་འགྲེལ་བཤད་ཙམ་གྱིས་གོ་ཁག་པའི་བཅའ་དངོས་དང་ལུས་རྩལ་སོགས་ལ་དཔེ་རིས་བཀོད་ཡོད། 
བཅུ་གཉིས་པ། དཔེར་བརྗོད། སྐད་ཡིག་དང་སྙན་ངག་གི་རྒྱན་སོགས་ལ་དོན་མཐུན་གྱི་དཔེ་བརྗོད་བཞག་ཡོད། 
གང་ལྟར་དོན་གནད་རེ་རེར་སྔ་སྲོལ་མཁས་པའི་ལེགས་བཤད་དང་དེང་རབས་རྒྱལ་སྤྱིའི་སྐད་ཡིག་གི་སྤྱི་འགྲོས་བཅས་ལ་དཔྱད་བསྡུར་ཐེངས་མང་བྱས་པ་ལས། རང་སྣང་གང་དྲན་དང་ཤ་གཟུག་ཟ་རྐྱང་བྱས་པ་ཞིག་མིན་པས་གང་འཚམ་ཡིད་བརྟན་འཕེར་བ་ཡིན། དེང་སང་བོད་ཀྱི་མཁས་པ་མང་པོས་ཚིག་མཛོད་ལ་མིང་མཛོད་ཅེས་མིང་འདོགས་དགོས་པའི་དགོངས་ཚུལ་འདོན་མཁན་ཡོད་ཀྱང་། 
འདིར་ཚིག་མཛོད་ཅེས་མིང་བཀོལ་བའི་རྒྱུ་མཚན། གོམས་སྲོལ་རྒྱུན་འཛིན་བྱས་པ་ཙམ་མ་ཡིན་པར་བོད་ཀྱི་ཡིག་འཁོད་ལོ་རྒྱུས་སྔ་ཤོས་རྣམས་སུ་ཚིག་གི་མཛོད་དང་ཚིག་གི་གཏེར་ཞེས་གསུངས་ཡོད་པ་མ་ཟད། དོན་གྱི་སྟེང་ནས་ཀྱང་ཚིག་མཛོད་ཅེས་བཀོལ་ན་གོ་རྒྱ་ཆེ་བའི་རྒྱུ་མཚན་ཡོད་པས་ཡིན། དེ་ཡང་ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་རྒྱུ་མ་ཡིན་པར་འདིར་ཚིག་ཅེས་པ་དབྱིན་སྐད་ཀྱི་(word)ཅེས་པ་དང་གཅིག་མཚུངས་ཡིན་ལ། བོད་རང་གི་སྐད་ལ་ཡང་ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་ན་ཁྱབ་ཆུང་བ་ཡིན། དེ་ཡང་སྔོན་གྱི་ལོ་པཎ་རྣམས་ཀྱིས་ལེགས་སྦྱར་གྱི་མིང་ཚིག་ཡི་གེ་གསུམ་གྱི་ཡ་གྱལ་པ་ད། དེ་བོད་སྐད་དུ་ཚིག་ཅེས་པར་བསྒྱུར་བ་ཙམ་ལས། བོད་རང་སྐད་ལ་ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཟླས་ཕྱེ་བའི་ཚིག་ཁོ་ན་ལ་གོ་ཡི་མེད་ལ། ལེགས་སྦྱར་དུ་བོད་སྐད་ཀྱི་ཚིག་ཅེས་པ་ལ་སྒྲ་མ་འདྲ་བ། པ་ད་དང་ཤབྡ་ལྟ་བུ་སོ་སོར་ཡོད་ཀྱང་བོད་སྐད་དུ་གཉིས་ཆར་ལ་ཚིག་ཅེས་མིང་གཅིག་ལས་མེད་ཀྱང་དོན་སོ་སོར་ཡོད་པ་ཤེས་གལ་ཆེ། དེ་མིན་བོད་སྐད་ཀྱི་ཚིག་ལེགས་སྦྱར་གྱི་པ་དའི་འཇུག་དོན་ཁོ་ན་ལ་གོ་མི་རུང་།  དབྱིན་སྐད་ཀྱི་ Dictionnary ལ་ལེགས་སྦྱར་དུ་ཤབྡ་ཀོཥཞེས་ཡོངས་ཁྱབ་ཏུ་བཀོལ་བཞིན་པ་བོད་སྐད་དུ་ཐ་སྙད་མཛོད་དམ་ཚིག་མཛོད་ཅེས་པའི་དོན་ཡིན། མིང་མཛོད་ཀྱི་སྐད་དོད་སང་ཛྙཱ་ཀོ་ཥ་ཞེས་གཏན་ནས་བཀོལ་མེད་ལ། པ་ད་ཀོ་ཥ་ཞེས་དེ་བས་བཀོལ་མེད། དེས་ན་ཚིག་ཅེས་པ་འདི་བོད་སྐད་ནང་བཀོལ་ཁྱབ་ཧ་ཅང་ཆེ་བ་ཞིག་ཡིན་པས་ཚོགས་གསུམ་གྱི་ཟླས་ཕྱེ་བའི་ཚིག་ཁོ་ན་ལ་གོ་ཡི་མེད་པ་ཤེས་ན་ཚིག་མཛོད་ཅེས་བརྗོད་ན་དོན་དང་མི་འགལ་ལ། གོམས་སྲོལ་དུ་ཡང་ཆགས་ཡོད་སྟབས་དགོས་པ་དམིགས་བསལ་མེད་པར་ཐ་སྙད་བརྗེ་བསྒྱུར་བྱས་ན་མགོ་རྨོངས་བྱེད་ཙམ་ལས་མེད་པས་སོར་འཇོག་བྱས་ཡོད། འདིར་གླེང་དགོས་པ་ཅུང་ཟད་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱ། གོང་དུ་སྨོས་པ་དག་དཔེར་མཚོན་ཙམ་ལས་བོད་སྐད་ཡིག་ནང་ཚིག་ཅེས་པ་ལས་གྲུབ་པའི་ཐ་སྙད་བརྒྱ་ཕྲག་མང་པོ་ཡོད་པ། ཕལ་མོ་ཆེ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་ཡི་མེད་པ་ཤིན་ཏུ་གསལ།  དེས་ན་ཚིག་མཛོད་ཅེས་པ་ཐ་སྙད་ཀྱི་མཛོད་ལ་གོ་ཡི་ཡོད་སྟབས། དགོས་པ་དམིགས་བསལ་མེད་པར་ཐ་སྙད་བརྗེ་བསྒྱུར་བྱས་ན་མགོ་རྨོངས་བྱེད་ཙམ་ལས་མེད་པས་སོར་འཇོག་བྱས་ཡོད། འདིར་གླེང་དགོས་པ་ཅུང་ཟད་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱ། 
ཚིག་མཛོད་ནི་རྩོམ་ཡིག་གཞན་དང་མི་འདྲ་བར་བཀོལ་ཁྱབ་ཆེ་བ། མཁས་བླུན་བར་མའི་སྐྱེ་བོ་སུ་ལ་ཡང་མཁོ་གལ་ཆེ་བ། བཀོལ་ཡུན་རིང་བ། ལྷག་པར་སློབ་གཉེར་མཁན་གསར་བ་དང་། ཡིག་སྒྱུར་གྱི་ལས་རིགས་གཉེར་མཁན་ལ་ཚིག་མཛོད་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་མུ་མཐུད་ཡར་རྒྱས་དང་ཞིབ་ཚགས་ལ་གཏོང་དགོས་པ་སྨོས་མེད་ཡིན་པས། འདི་ནས་བོད་ཕྱི་ནང་གི་མཁས་དབང་མང་པོའི་དགོངས་ཚུལ་བསྡུ་ལེན་དང་བགྲོ་གླེང་གི་རིམ་པ་མང་པོ་བྱས་པ་དང་། 
ལས་རོགས་རྣམ་པས་ཀྱང་ངལ་བ་དང་ལེན་དང་འབད་བརྩོན་ལྷོད་མེད་གནང་སྟེ། བོད་རང་གི་སྔར་ཡོད་ཚིག་མཛོད་ཁག་གི་ལེགས་ཆ་རྒྱུན་འཛིན་དང་། དེའི་ཐོག་དེང་རབས་རྒྱལ་སྤྱིའི་རིམ་པའི་ཚིག་མཛོད་ཚད་ལྡན་ཁག་གི་སྒྲིག་སྟངས་ལས་ལེགས་ཆ་བླངས་ཏེ། རྒྱལ་སྤྱིའི་ཚིག་མཛོད་ཀྱི་ཚད་ལོངས་པའི་བོད་ཡིག་ཚིག་མཛོད་ཅིག་སྒྲིག་བཟོ་བྱ་རྒྱུར་འབད་བརྩོན་བསྟེན་ཡོད། བོད་དང་ཧི་མ་ལ་ཡའི་མི་རིགས་ཁག་སོགས་སྐད་ཡིག་རིག་གནས་གཅིག་གྱུར་ཡིན་པའི་སློབ་གཉེར་པ་དང་། ཞིབ་འཇུག་པ། དེ་བཞིན་ཤེས་ཡོན་གྱི་ལས་ཀ་སྒྲུབ་མཁན་ཚོར་ཕན་ཐོགས་དང་། བོད་རིག་པར་ཞིབ་འཇུག་དང་སློབ་གཉེར་གནང་མཁན་གྱི་ཕྱི་རྒྱལ་མཁས་པ་དང། སློབ་ཕྲུག་སོགས་བོད་ཀྱི་རིག་གནས་ལ་དོ་སྣང་སྔར་ལྷག་ཡོང་བའི་རེ་བ་བཅངས་ཡོད། མ་འོངས་པར་ཡང་ང་ཚོའི་ལས་དོན་འདིར་ཕྱི་ནང་གི་ཤེས་ལྡན་དག་གིས་དགོངས་ཚུལ་དང་ལམ་སྟོན་ལྷུག་སྩོལ་ཡོང་བའི་རེ་སྐུལ་ཞུ། 

ཆོས་འབྱོར་དཔལ་གྱིས་མཛེས་པ་ཁ་བའི་ལྗོངས། །
དུས་ཀྱི་མུན་ནག་འཁྲིགས་པའི་མྱ་ངན་ཀློང་།།
མ་འོངས་དམིགས་འདུན་འཚོལ་ལ་བྲེལ་བའི་ཚེ། །
འབད་པ་འདི་འདྲའང་སྲིན་བུའི་འཕོངས་མེ་ཙམ།།

ཤེས་འཇོན་ཉི་ཟླའི་གཟི་འོད་མ་རྒྱས་ཀྱང་། །
ནང་གི་དུང་སེམས་ཕྲ་མོའི་དྲོད་ཀྱི་རྒྱུན།།
ལུས་སེམས་དར་སྐུད་འབྲེལ་བ་ཞིག་ན་ཡང་། །
བསིལ་ལྡན་རི་བོའི་ཁོངས་སུ་ལྷོད་ཀྱིས་འཛུམ།།

གངས་ཅན་ཨ་མས་གསོས་པའི་ཟས་རིན་དུ། །
ཤེས་རིག་དཔལ་ལ་ཆགས་པའི་ལམ་བུ་ནས།།
ཡུན་རིང་བསགས་པའི་རྔུལ་ཆུའི་ཐིགས་པ་དག །
རིགས་མཐུན་སྤུན་ཟླ་དགྱེས་པའི་སྐྱེས་སུ་བཏེག།།

དྲང་པོའི་གཤིས་ལ་བྱམས་བརྩེ་འོད་ཀྱིས་འཁྱུད། །
བདེན་པའི་ཡུས་ལ་གླེན་པའི་ཨུ་ཚུགས་འཐམ།།
ཆོས་རིག་དཔལ་ལ་ཡོད་ཚད་འདུན་པ་གཏོད། །
ཐུ་བྷོད་བཙན་པོའི་རེ་བ་མངོན་གྱུར་ཤོག །

ཅེས་སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པའི་མིང་ཙམ་ཁུར་བ་འཇུ་བསྟན་སྐྱོང་གིས་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢༥ ལ་བྲིས།