Loading...

ཡུལ་སྐད་ཀྱི་གོ་དོན་ནི། ཡུལ་ལུང་ཆེ་ཁག་གི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་ཡོད་ཀྱང་ཡོངས་ཁྱབ་ཡིག་སྲོལ་ཚད་ལྡན་ནང་སླེབས་མེད་པའི་ཐ་སྙད་ཁག་ལ་ངོས་འཛིན་དགོས་ལ། ཡིག་སྲོལ་ཐོག་འབྲི་སྤྱོད་བྱེད་བཞིན་པ་སྒྲ་ཟུར་ཉམས་པ། དཔེར་ན། སྤྲང་པོ་ལ། སྤང་པོ་ལྟ་བུ་འདི་ནས་བསྡུ་ལེན་མི་བྱེད། གང་ཡིན་ཞེ་ན། འདི་རིགས་ཀློག་སྐབས་ཡུལ་ལུང་རྣམས་ལ་གདངས་མ་འདྲ་ཙམ་ཡོད་ཀྱང་། བོད་ཡུལ་ཡོངས་ཀྱི་འབྲི་སྲོལ་གཅིག་གྱུར་ཡིན་སྟབས་དགོས་པ་མེད་པར་མ་ཟད་གནོད་སྐྱོན་ཡང་མང་པོ་ཡོད་པས་ཡིན། དེ་མིན་ཁོར་ཡུག་དང་ལས་རིགས་ཀྱི་དབང་གིས་ཐ་སྙད་མ་འདྲ་བ་གང་ཡིན་དང་། འཚོ་བའི་བརྒྱུད་རིམ་མ་འདྲ་བའི་ཁྲོད་ནས་བྱུང་བའི་བྱ་ཚིག་དེ་སྔོན་ཡིག་ཐོག་ལ་ཡོངས་ཁྱབ་མེད་པ། དེ་བཞིན་རྒྱན་ཚིག སྐད་ཆའི་ཉམས་སྟོན་བྱེད་ཀྱི་ཚིག་མ་འདྲ་བ། མཚུངས་པ་སྟོན་བྱེད་ཀྱི་ཚིག་སོགས་ང་ཚོས་གཏན་འབེབས་ཞུས་ཡོད་པའི་བརྡ་སྤྲོད་ཀྱི་དབྱེ་བ་ཁག་བཅུ་གཉིས་གང་རུང་གི་ནང་དུ་འདུ་ཐུབ་པ་ཞིག་ཡིན་དགོས་ལ། དེ་ཡང་ཡུལ་ལུང་གང་གི་སྐད་ཡིན་མིན། དེ་ཉིད་ཀྱི་གོ་དོན་འགྲེལ་བཤད་རྒྱས་བསྡུས་འཚམ་པ། བཀོལ་སྤྱོད་དོན་མཐུན་གྱི་དཔེར་བརྗོད། བརྒྱུད་སྤྲོད་གནང་མཁན་གྱི་དངོས་མིང་དང་ད་ལྟའི་སྡོད་གནས་ཁ་བྱང་བཅས་ཡོད་དགོས། འདི་གར་འབྱོར་མཚམས་རྩོམ་སྒྲིག་ཁང་ནས་དཔྱད་བསྡུར་ཞིབ་འཇུག་གིས་མཐའམའི་ཐག་གཅོད་གནང་རྒྱུ་ལས། དབྱེ་ཞིབ་མེད་པར་ཡུལ་སྐད་འབྱོར་ཚད་ཚིག་མཛོད་དུ་སྒྲིག་འཇུག་བྱ་རྒྱུ་མིན་པ་དགོངས་འཇགས་འཚལ།