Loading...

མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་དགོས། 
      རྩོམ་པ་པོ། ཨ་མཆོག་བརྩོན་རྒྱལ། མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཡང་སྤྲུལ་དེ་ཉིད་གསལ་བྱེད་ཅེས་པའི་ཆེད་དེབ་ལས་བཏུས། 

དང་པོ། དྲང་ཕྱོགས་ནས་མི་རིགས་འཕེལ་བའི་སྐོར་གླེང་བ། 
༡ མི་རིགས་རང་ཉིད་ཀྱི་སྐད་ཡིག་རང་ཉིད་ཀྱིས་སློབ་དགོས། 
         རང་རེའི་མེས་རྒྱལ་ཁྱིམ་གཞི་ཆེན་པོའི་ནང་དུ་མི་རིགས་ལྔ་བཅུ་ང་དྲུག་ཡོད་ལ། དེ་རེ་རེ་ལ་རང་ཉིད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་གཞན་དང་མི་འདྲ་བའི་མི་རིགས་རང་གི་ཁྱད་ཆོས་རེ་ཡོད་པས་དེ་དར་རྒྱས་དང་གོང་འཕེལ་དུ་འགྲོ་མིན་ནི་རང་རེའི་རྒྱལ་ཁབ་འཕེལ་རྒྱས་སུ་འགྲོ་མིན་ལ་ཐུག་ཡོད་སྟབས་ཚད་ལྡན་གྱི་མི་རིགས་ཤིག་ཡིན་ན་ངེས་པར་དུ་རང་གི་སྐད་ཡིག་རང་ཉིད་ཀྱིས་སློབ་དགོས། དེ་ལ་འདིར་རང་རེའི་གངས་ཅན་མི་རིགས་ལ་དཔེར་མཚོན་ཏེ་བཤད་ན་ཧ་ཅང་རྗེས་ལུས་ཀྱི་མི་རིགས་ཤིག་ཡིན། ང་ཚོ་རྒྱུ་མཚན་གང་ལ་ཐུག་ནས་རྗེས་སུ་ལུས་པ་ཡིན་ཟེར་ན། དེ་ནི་ཚིག་གཅིག་པོ་སྟེ་རང་གི་སྐད་ཡིག་རང་གིས་བཀོལ་སྤྱོད་མ་བྱས་པའི་རྐྱེན་གྱིས་རེད། ང་ཚོའི་སྐེ་རང་ལ་ཡོད་བཞིན་དུ་མགོ་གཞན་ལ་འདོགས་དགོས་དོན་ཅི་ཡོད། རང་རེའི་གངས་ཅན་མི་རིགས་ཀྱི་སྐད་ཡིག་གིས་འཛམ་གླིང་ཧྲིལ་པོའི་ཁྱོན་ན་གོ་གནས་ཇི་འདྲ་བཟུང་ཡོད་པ་ང་ཚོ་ཚང་མའི་སེམས་སུ་གསལ་བོར་སྣང་བས་རང་གི་སྐད་ཡིག་དེ་ངེས་པར་དུ་རང་གི་མི་རིགས་ཀྱིས་སློབ་དགོས། གལ་ཏེ་ད་དུང་རང་ཉིད་ཀྱི་འོད་སྟོང་འབར་བའི་སྐད་ཡིག་གཞི་ནས་ཡལ་བར་དོར་ཏེ་མི་རིགས་གཞན་གྱི་སྐད་ཡིག་ཁོ་ན་ལ་སྲེད་པའི་འགྲམ་ཆུ་ལྡང་
ནས་སྦྱང་བརྩོན་བྱེད་ན། རང་རེའི་མི་རིགས་འདི་སྣུམ་ཟད་ཀྱི་མར་མེ་ལྟར་མར་ནས་མར་དུ་འགྲིབ་པ་ལས་འཕེལ་རྒྱས་ཀྱི་རེ་བ་ནམ་ཡང་ཡོད་མི་སྲིད། དེ་ལ་སློབ་དཔོན་ལེ་ཉིན་གྱིས་”ཡིག་རྨོངས་ཀྱི་ཁེངས་བའི་མི་རིགས་ཤིག་ཡིན་ན་དེ་ལ་འཕེལ་རྒྱས་ཀྱི་རེ་བ་མེད”ཅེས་གསུངས་ཡོད་པས་ང་ཚོས་གསེར་སྦྱང་བཙོ་མ་ལྟ་བུའི་བཀའ་གསུང་འདི་གཙིགས་སུ་བཟུང་ནས་བོད་ཀྱིས་བོད་སྐད་སྨྲ་བ་དང་།   བོད་ཀྱིས་བོད་ཡིག་སློབ་པ་ནི་ཏང་གི་ང་ཚོ་ལ་བཅངས་པའི་རེ་བ་དང་མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་དགོངས་དོན་ཡང་ཡིན། དེས་ན་རང་གི་མི་རིགས་ཀྱིས་རང་གི་སྐད་ཡིག་ལ་མཐོང་ཆེན་བྱ་རྒྱུ་དང་། མི་རིགས་རང་གི་སྐད་ཡིག་རང་གི་སློབ་པ་ནི་འཇིག་རྟེན་མི་རིགས་ཀུན་གྱི་ཆོས་ཉིད་ཅིག་ཏུའང་མཐོང་ངོ་། 
         དེང་སང་བོད་མི་རིགས་ཀྱི་ནང་དུ་མི་རིགས་གཞན་གྱི་རིག་གནས་དང་ཤེས་ཡོན་ཅུང་ཟད་རེ་ཡོད་པའི་ལས་བྱེད་པ་དང་སློབ་གྲྭ་བ་ལ་ལས་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་བོད་ཀྱི་སྐད་ཡིག་ཧ་ཅང་རྗེས་ལུས་ཀྱི་སྐད་ཡིག་ཅིག་ཡིན་པར་འདོད་པ་དང་། མི་རིགས་གཞན་གྱི་སྐད་ཡིག་ནི་རིན་པོ་ཆེ་གསེར་ལྟ་བུ་ཞིག་ལ་རྩི་བཞིན་ཡོད། དེ་དག་ནི་རང་མི་རིགས་ཀྱི་ཤེས་ཡོན་གྱི་ཆུ་ཚད་ཞན་པ་དང་། རིག་གནས་སྤྱིའི་བློ་མིག་ལྡོངས་པ། ད་དུང་རང་ཉིད་ཀྱིས་བསླབ་པའི་ཡོན་ཏན་ཏིལ་འབྲུ་ཙམ་པོ་དེ་ཡང་མི་རིགས་གཞན་གྱི་སྐད་ཡིག་ཡིན་སྟབས་སྐད་ཡིག་ནི་མི་རིགས་ཀྱི་བསམ་པའི་འདུ་ཤེས་མཚོན་རྟགས་ཤིག་ཡིན་པ་མ་ཟད་མི་རིགས་ཀྱི་བློ་ཁ་བསྒྱུར་བའི་ནུས་པ་ཡང་ཡོད་རྐྱེན། རངཉིད་ཀྱི་འདུ་ཤེས་དེ་མི་རིགས་གཞན་པའི་བསམ་བློའི་འདུ་ཤེས་སུ་གྱུར་བ་ཡིན། དེ་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཆོས་ཉིད་ཅིག་སྟེ། དཔེར་ན། ས་ཞིང་གྲུ་བཞི་མ་གཅིག་གི་ནང་དུ་ནས་དང་གྲོ་གཉིས་མཉམ་དུ་བསྲེས་ཏེ་བཏབ་ན། སྐྱེས་པའི་དུས་སུ་ཏིལ་འབྲུ་གཅིག་གི་ནོར་བ་མེད་པར་རང་རང་གི་ཁ་དོག་དང་སྐྱེས་ལུགས། བྲོ་བ་བྱེད་ལས་སོགས་ཁྱད་པར་ཐ་དད་ཡིན་པས་སོ། ། རྒྱུ་རྐྱེན་རྟེན་འབྲེལ་དེ་ལྟར་དུ་མི་རིགས་རང་གིས་རང་ཉིད་ཀྱི་སྐད་ཡིག་མི་སློབ་པར་མི་རིགས་གཞན་གྱི་སྐད་ཡིག་ཁོ་ན་བསླབ་ན་གོང་དུ་དཔེ་བཀོད་པ་ལྟར་ཁྱེད་ཀྱིས་ནས་འདོད་དེ་གྲོ་བཏབ་ན་འབྲས་བུ་སྨིན་པའི་དུས་ཤིག་མི་སྲིད་པ་ལྟ་བུའོ། ། 
རྐྱེན་འདི་འདྲ་བ་ལ་བརྟེན་ནས་རང་གཞན་མང་པོ་ཞིག་གིས་བོད་ཡིག་བསླབ་ན་ནུས་པ་མེད་པ་དང་དོན་གོ་མི་ཆོད། བོད་ཀྱི་སྐད་ཡིག་ནི་རྗེས་ལུས་རེད། བོད་ཀྱི་རིག་གཞུང་ནི་རྨོངས་དད་དང་ཚན་རིག་གི་རང་བཞིན་མི་ལྡན་པ་སོགས་འབྲེལ་མེད་ལྟར་སྣང་གི་སྒྲུབ་བྱེད་འགོད་མཁན་མང་པོ་བྱུང་། གཞན་གྱིས་ནི་བཤད་དུ་རུང་སྟེ་བོད་ནི་བོད་ལ་སྡང་བ་དང་།  བོད་ནི་བོད་ཀྱི་རིག་གཞུང་ལ་སྡང་བ་ཅི་སྟེ་བཤད་མི་ཤེས་པའི་གནད་དོན་ཚབས་ཆེན་ཞིག་རེད།   དེ་ཚང་མའི་རྒྱུ་རྐྱེན་ནི་རང་གི་སྐད་ཡིག་རང་གི་བཀོལ་སྤྱོད་མ་ཐུབ་པའི་རྐྱེན་གྱིས་སོ། ། 
༢ རང་གི་སྐད་ཡིག་ལ་བརྟེན་ནས་མི་རིགས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་དགོས། 
         མི་རིགས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་དགོས་ན་གཞི་རྩ་སྟེ་སློབ་གསོ་ནི་སྲོག་ལྟར་འཛིན་དགོས། སློབ་གསོ་ཡག་པོ་ཞིག་བཟུང་སྟེ་བོད་རང་ཉིད་ཀྱིས་རང་གི་ཐུན་མོང་མིན་པའི་སྐད་ཡིག་ལ་སྦྱང་བརྩོན་དང་བཀོལ་སྤྱོད་བྱས་ན་ད་གཟོད་མི་རིགས་ཡོངས་ཀྱི་སྤུས་ཀ་ཇེ་མཐོར་འགྲོ་བ་མ་ཟད་ཆབ་སྲིད་དང་དཔལ་འབྱོར།   རིག་གནས་སོགས་དབྱར་མཚོ་ལྟར་འཕེལ་རྒྱས་སུ་འགྲོ་བར་ཐེ་ཚོམ་མེད། བློ་མཐུན་སི་ཏཱ་ལིན་གྱིས་”མི་དམངས་ཁྲི་སྟོང་མང་པོས་མི་རིགས་རང་གི་སྐད་ཡིག་དེ་ཉིད་བེད་སྤྱོད་བྱས་ན། ད་གཟོད་ཆབ་སྲིད་དང་དཔལ་འབྱོར་རིག་གནས་གོང་འཕེལ་བཅས་ཀྱི་ཐད་ལ་ཡར་རྒྱས་ཆེན་པོ་འབྱུང་ཐུབ་ཀྱི་རེད་” ཅེས་གསུངས་པ་ལྟར་མི་རིགས་འཕེལ་རྒྱས་སུ་འགྲོ་དགོས་ན་ཐབས་ལམ་ཉག་གཅིག་སྟེ་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་པ་དེ་རེད། གལ་ཏེ་གཞན་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་མི་རིགས་ཡོངས་ཀྱི་སྤུས་ཀ་ཇེ་མཐོ་དང་གོང་འཕེལ་དུ་གཏོང་དགོས་ཟེར་ན།   འཛམ་གླིང་སྟེང་དུ་གྲགས་པ་རབ་དུ་འབར་བའི་སྔོན་ཐོན་རྒྱལ་ཁབ་འཇར་པན་ལྟ་བུ་ལ་དཔེར་མཚོན་ན། དང་མ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་། སྔོན་ཐོན་རྒྱལ་ཁབ་ཀྱི་རྗེས་བསྙེགས་བྱེད་ཆེད་རྒྱལ་ཁབ་ཡོངས་ཀྱིས་སྔོན་ཐོན་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱས་པ་རེད། དེ་ལྟར་རྒྱལ་ཁབ་གཏན་ནས་འཕེལ་རྒྱས་སུ་འགྲོ་མ་ཐུབ་པ་དང་།   མི་རིགས་ཉམས་རྒྱུད་དུ་འགྲོ་བའི་ཉེན་ཁ་ཚབས་ཆེན་པོ་ཡོད་པ་མཐོང་ནས་སླར་ཡང་རང་ཉིད་ཀྱི་སྐད་ཡིག་མི་བཀོལ་ཐབས་མེད་བྱུང་བ་རེད། དེ་ལྟར་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱས་པ་ལ་བརྟེན་ནས་དེང་སང་འཛམ་གླིང་སྟེང་ན་འགྲན་ཟླ་བྲལ་བའི་རྒྱལ་ཁབ་དེ་ལྟ་བུར་གྱུར་ཡོད་པ་རང་ཅག་ཀུན་གྱིས་ཤེས་གསལ་ལྟར་རེད།   སྤྱིར་སྔོན་ཐོན་མི་རིགས་ཀྱི་སྐད་ཡིག་སྦྱང་ནས་ཚན་རིག་གི་ལྟ་བ་རྟོགས་པ་དང་འཛམ་གླིང་སྤྱིའི་འགྲོ་ཚུལ་དང་དཔལ་འབྱོར་འཕེལ་ཕྱོགས་ཀྱི་ཤེས་བྱ་སོགས་སྔོན་ཐོན་གྱི་བཟང་ཆ་རྣམས་བསྡུ་ལེན་བྱེད་རྒྱུ་ནི་སྨྲ་མི་དགོས་པ་ཞིག་ཡིན་མོད། འོན་ཀྱང་མི་རིགས་ཡོངས་ཀྱིས་རང་གི་སྐད་ཡིག་ཡལ་བར་དོར་ཏེ་མི་རིགས་གཞན་གྱིས་སྐད་ཡིག་ལ་བརྟེན་ནས་རང་མི་རིགས་ཡོངས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་དགོས་ཟེར་བ་ནི་ཧ་ཅང་མགོ་མཇུག་སློག་ཅིང་འོལ་ཚོད་དུ་སྨྲ་བའི་གཏམ་ཞིག་གོ ། སྤྱིར་ང་ཚོ་སྟེ་བོད་མི་རིགས་ནི་ཕྲག་དོག་ཆེ་བ་དང་།  ནང་འཁྲུག་ལ་དགའ་བ།  སྤྱོད་པ་རྩུབ་པ་དང་ཕྱོགས་ཞེན་ཆེ་བ་སོགས་འདི་དག་ཚང་མ་ནི་སློབ་གསོ་མ་བཟུང་བ་དང་རིག་གནས་མེད་པས་རྐྱེན་གྱིས་རེད།  ད་དུང་གོང་གི་བོད་ཀྱི་སྐད་ཡིག་གིས་དོན་གོ་མི་ཆོད། བོད་ཀྱི་རིག་གཞུང་ནི་རྗེས་ལུས་དང་ཚན་རིག་གི་རང་བཞིན་མི་ལྡན་ཟེར་མཁན་ལ་ཡང་སྐྱོན་འདི་བྱུང་བ་རེད། མདོར་ན། རང་གི་སྐད་ཡིག་རང་གིས་བེད་སྤྱོད་བཏང་སྟེ་གཞི་རྩའི་སློབ་གསོ་འདི་སྲོག་ལྟར་བཟུང་ན་ད་གཟོད་མི་རིགས་ཡོངས་ཀྱི་སྤུས་ཚད་ཇེ་མཐོར་འགྲོ་བ་མ་ཟད་གོང་གི་རྐྱེན་དེ་དག་ཀྱང་རིམ་གྱིས་གངས་འཁྱག་ཉི་མས་ཞུ་བ་ལྟར་རྩ་མེད་དུ་འགྲོ་བར་གདོན་མི་ཟའོ། ། 
༣ རང་གི་སྐད་ཡིག་རང་གིས་བེད་སྤྱོད་གཏོང་དགོས། 
         གོང་དུ་སྨྲས་པ་ལྟར་རང་མི་རིགས་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བྱས་ཏེ་མི་རིགས་ཡོངས་ཀྱི་སྤུས་ཀ་ཇེ་མཐོར་སོང་ན། ད་གཟོད་རང་ཉིད་ཀྱི་སྐད་ཡིག་འདི་བེད་སྤྱོད་བྱེད་པར་དཀའ་ངལ་ཆེན་པོ་མེད་སྙམ། བློ་མཐུན་སི་ཏཱ་ལིན་གྱིས་”ཡོད་དོ་ཅོག་གི་ཕྱོགས་ནས་མི་རིགས་འདྲ་མཉམ་ལག་ལེན་དུ་བསྟར་བ་<སྐད་ཡིག་དང་སློབ་གྲྭ>ནི་མི་རིགས་གནད་དོན་ཐག་གཅོད་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེ་ལྟར་ཁོ་ན་བྱས་ན་ད་གཟོད་དོན་ཐོག་ཡིན་གྱི་ཡིག་ཐོག་གི་སྟོང་བཤད་མ་ཡིན་པར་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཐུབ་ངེས་རེད་”ཞེས་གསུངས་པས་ཁོང་གི་བཀའ་སློབ་ལྟར་ང་ཚོའིཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ན་དོན་དངོས་ཐོག་དགོས་པ་ལས་ཡིག་ཐོག་གི་སྟོང་བཤད་ཀྱིས་ཅི་བྱ། འོ་ན་མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱིས་སྔོན་ནས་རང་གི་སྐད་ཡིག་རང་གིས་བེད་སྤྱོད་བྱེད་པར་རང་དབང་སྤྲད་ཀྱང་དོན་དངོས་སུ་བཀོལ་སྤྱོད་ཇི་འདྲ་བྱེད་བཞིན་ཡོད་པ་མིག་མཐོང་གཟུགས་གྲུབ་དང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་རེད།   དེས་ན་སྐད་ཡིག་དེ་ཇི་ལྟར་བེད་སྤྱོད་གཏོང་དགོས་ཟེར་ན། དེའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ནི་བོད་མི་ཡོངས་ཀྱིས་རང་ཉིད་ཀྱི་སྐད་ཡིག་བསླབ་ཏེ་ཡིག་རྨོངས་པ་ཇེ་ཉུང་དུ་གཏོང་རྒྱུ་ནི་རྒྱུ་རྐྱེན་ཨང་དང་པོ་དང་། རྒྱུ་རྐྱེན་གཉིས་པ་ནི་མ་མཐའ་ཡང་མི་རིགས་རང་སྐྱོང་ཁུལ་གང་ཞིག་ཡིན་ཀྱང་དེའི་འགོ་འདྲེན་དང་ལས་བྱེད་པ་ཚང་མས་མི་རིགས་དེའི་སྐད་ཡིག་མཁྱེན་དགོས།   གལ་ཏེ་འགོ་འདྲེན་གྱིས་མི་རིགས་དེ་གའི་སྐད་ཡིག་མི་མཁྱེན་ན་མི་རིགས་ལ་འབྲེལ་བ་བྱེད་སྤྱད་ཡོ་བྱད་མེད་པར་གྱུར་པས་ཁྱོད་ཀྱིས་མི་རིགས་ཤིག་ཇི་ལྟར་སྐྱོང་། ཁྱོད་ཀྱི་ཁ་བརྡ་བྱེད་དགོས་པའི་ཚེ་འབྲས་བུ་བཟང་བོ་ཞིག་མེད་པ་སྨྲ་མི་དགོས་པ་ཞིག་རེད། རྒྱུ་རྐྱེན་གསུམ་པ་ནི་བོད་མི་ཡོད་དོ་ཅོག་གིས་རང་ཉིད་ཀྱི་སྐད་ཡིག་ལ་མ་བརྟེན་པར་རང་གི་མི་རིགས་དེ་འཕེལ་རྒྱས་སུ་འགྲོ་ཚུལ་མེད་པ་ཤེས་དགོས་པ་དང་། མི་རིགས་རང་གི་སྐད་ཡིག་འདི་སློབ་པ་དང་བེད་སྤྱོད་གཏོང་རྒྱུ་ནི་འོས་འགན་ཞིག་ལ་བརྩི་དགོས།  དེ་ལྟར་བྱས་ན་རང་ཉིད་ཀྱི་སྐད་ཡིག་འདིས་དོན་གོ་ཆོད་པ་ཞིག་བྱེད་ཐུབ་སྙམ། འོན་ཀྱང་དེང་སང་ཡང་བོད་མི་ལ་ལས་ང་རྒྱལ་གྱི་མགོ་འཕང་དགུང་ལ་བཏེགས་ཏེ་གཞན་སྐད་གྱིས་”ང་ནི་བོད་པ་ཡིན་”ཟེར།  དེ་ལ་ཕར་བོད་ཡིག་ཨེ་ཤེས། བོད་སྐད་ཨེ་གོ་ཞེས་དྲིས་ཚེ་གདོང་མདོག་དམར་པོར་གྱུར་ཏེ་མགོ་བོ་འཕྲེད་དུ་གཡུག   དེ་ལྟ་བུ་ལ་ཅི་ལྟར་བྱས་ནས་བོད་ཟེར།  བོད་ཅེས་པའི་མཚན་ཉིད་ཐོབ་བམ་མི་ཐོབ། ཡང་མིན་ན་ཁྱེད་ཀྱི་རྒྱབ་ལ་”ང་ནི་བོད་ཡིན་”ཞེས་པའི་ཡི་གེ་ཆེན་པོ་ཞིིག་སྦྱར་ཏེ་སོང་ན།   ད་གཟོད་ཁྱེད་ལ་བོད་རེད་འདུག་ཟེར་ངེས། རང་ཉིད་དེ་འདྲའི་ཉེན་ཁ་ལ་སླེབས་ཡོད་པ་ཤེས་རུང་ད་དུང་ང་བོད་ཡིན་ཞེས་འདུག་པ་ལས་བོད་ཡིག་དང་། བོད་སྐད་ཞིག་བསླབ་ནས་གཞན་གྱིས་ཚུར་ལ་དེ་བོད་རེད་ཅེས་པ་ཞིག་བྱས་ན་བདེ་སྙམ། སྤྱིར་རང་ཉིད་ཀྱི་སྐད་ཡིག་རང་ཉིད་ཀྱིས་བེད་སྤྱོད་གཏོང་མི་ཐུབ་ན། མི་རིགས་ཤིག་གིས་མི་རིགས་གཞན་ཞིག་གི་སྐད་ཡིག་བེད་སྤྱོད་གཏོང་ཟེར་བ་ནི་ཧ་ཅང་གནས་ལུགས་དང་འགལ་བའི་བྱ་བ་ཚབས་ཆེན་ཞིག་རེད། རླབས་ཆེན་ཏང་གིས་ང་ཚོ་ལ་མི་རིགས་རང་སྐྱོང་གི་བདག་དབང་སྤྲད། ང་ཚོས་སྐྱོང་ཐུབ་ཀྱིན་ཡོད་དམ་མེད། ང་ཚོས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་གི་ཡོད་དམ་མེད། ང་ཚོས་རླབས་ཆེན་ཏང་གི་རེ་བ་སྟོང་ཟད་དུ་བཏང་ཡོད་དམ་མེད། སྙིང་དྲོན་པོའི་སྟེང་ལ་ལག་པ་བཞག་སྟེ་འདང་རྒྱག་རན་འདུགགལ་ཏེ་རང་གི་སྐད་ཡིག་དེ་ཉིད་བེད་སྤྱོད་དང་སྦྱང་བརྩོན་བྱེད་མ་ཐུབ་ན་སློབ་དཔོན་ལེ་ཉིན་གྱིས་གསུངས་ལྟར་ང་ཚོའི་མི་རིགས་ལ་འཕེལ་རྒྱས་ཀྱི་རེ་བ་ནམ་ཡང་ཡོད་མི་སྲིད་དོ། ། 

གཉིས་པ། ལྡོག་ཕྱོགས་ནས་མི་རིགས་འགྲིབ་པའི་སྐོར་གླེང་བ། 
    ༡ ང་ཚོའི་སྐད་ཡིག་ནི་མྱུར་སྐྱོབ་ཀྱི་དུས་སྐབས་སུ་གནས་ཡོད། 
ཏང་གིས་ང་ཚོ་ལ་མི་རིགས་རང་སྐྱོང་གི་དབང་ཆ་སྤྲད་པ་དང་བོད་བཅིངས་གྲོལ་བྱས་ཏེ་ལོ་ངོ་བཞི་བཅུ་ལྷག་སོང་ཡང་ང་ཚོའི་སྐད་ཡིག་ནི་ད་དུང་མྱུར་སྐྱོབས་ཀྱི་དུས་སྐབས་སུ་གནས་ཡོད། དེ་ནི་དོན་ཆུང་ཆུང་ཞིག་གི་ཐོག་ནས་གསལ་བཤད་བྱེད་ཐུབ་དེ། དཔེར་ན། ཟི་ཁྲོན་རྔ་བ་ཁུལ་གྱི་རྫོང་ཁག་ལ་ལས་སྒོ་བྱང་ངོས་སུ་བོད་ཡིག་འདི་ལྟར་བྲིས་ཡོད། ཞིན་ཧྭ་དབེ་ཁང་། ཉེན་རྟོཀ་རུ་ཁག ཆུ་བོ་བདག་གའེར་བཀོཏ་འདོམས་ཁང་། འཕྲུལ་ལྟར་སླབ་ས་ཚུབས། སྤྲུ་ཚོགས་ཉིན་འགོག ཆུ་བནོད་ཁོན་འབོག་བཀོཏ་འདོམས་ཁང་། གློག་སྐྱལ་འཟུག་པ་སྡུད་ཞུགས་བཟོ་པུའ་སོགས་གངས་ཅན་ཡི་གེའི་སྦྱོར་ཀློག་ལ་གཏན་ནས་མེད་པ་དག་སྒོ་བྱང་ལ་བྲིས་ཏེ་བཀལ་ཡོད། འདི་ལ་ཁྱེད་ཚོས་ལྟ་ཕྱོགས་ཇི་འདྲ་འཛིན་རྒྱུ་ཡིན་ནམ། ང་ཚོའི་སྐད་ཡིག་འདི་མྱུར་སྐྱོབས་ཀྱི་དུས་སྐབས་སུ་གནས་ཡོད་དམ་མེད། ད་དུང་ང་ཚོའི་སྐད་ཀྱི་ཆ་ནས་ཀྱང་བོད་ལ་མཁོ་བའི་སྤྱི་སྐད་ཅིག་ཕར་ཞོགདེང་སང་ར་མ་ལུག་ལྟ་བུའི་བསྲེས་སྐད་ཅིག་བཤད་བཞིན་འདུགཚན་རིག་འཕྲུལ་ཆས་གསར་བའི་མིང་དང་ཐ་སྙད་རྣམས་ནི་རྒྱ་མཚོའི་ཀློང་བརྡོལ་བ་བཞིན་བྱུང་དང་འབྱུང་གིན་ཡོད་པས་དེ་རྣམས་གཅིག་གྱུར་གྱི་མིང་མེད་སྟབས་ཡང་མིན་ན་རྒྱ་སྐད་དང་ཡང་མིན་ན་དབྱིན་སྐད་ཀྱིས་མི་བརྗོད་ཐབས་མེད་བྱུང་། ད་རུང་ལྷ་ས་དང་ཨ་མདོ།  ཁམས་པ་སོགས་ནས་མི་རེ་འདུས་ཏེ་གཏམ་གླེང་བྱེད་པའི་ཚེ་ན་རྒྱ་སྐད་མ་གཏོགས་གཅིག་གྱུར་གྱི་སྐད་ཆ་མེད། བོད་ཀྱིས་བོད་སྐད་མི་གོ་བ་དང་། བོད་ཀྱིས་བོད་ལ་གོ་བརྡ་མི་འཕྲོད་པར་མི་རིགས་གཞན་པའི་སྐད་ཡིག་བཀོལ་དགོས་པར་ཐུག་ཡོད་པས་ང་ཚོའི་སྐད་ཡིག་མྱུར་སྐྱོབས་ཀྱི་དུས་སྐབས་སུ་གནས་ཡོད་མེད་། ངོ་མས་བཤད་ན་དེང་སང་གཞན་སྐད་གཅིག་ཀྱང་མ་བསྲེས་པར་བོད་སྐད་རྣལ་མ་ཤོད་པའི་བོད་མི་གཅིག་ཀྱང་མེད་ཅེས་ཁ་ཚོན་གཅོད་ཐུབ་པ་དང་། ད་དུང་དེ་ལས་ཀྱང་ཉེན་ཚབས་ཆེ་བ་ནི་རོང་འབྲོག་ཕྱོགས་ཀྱི་རྒན་རྒོན་ཡིག་འབྲུ་གཅིག་ཀྱང་མི་ཤེས་པ་རྣམས་ཀྱིས་ཀྱང་རྒྱ་ཡིག་གི་མིང་ཚིག་རྣམས་ནི་དག་ཆ་དང་ལྡན་པའི་ངང་ནས་ཁ་བྱང་ལག་བྱང་དུ་སོང་ཡོད། དཔེ་གཅིག་བཀོད་ན། གློག་བརྙན་ལ་ཁོ་ཚོས་རྒྱ་སྐད་ཀྱིས་”dian ying” ཟེར། དེ་ལ་ཕར་”dian ying”ཟེར་ན་རྒྱ་སྐད་རེད། བོད་སྐད་ལ་གློག་བརྙན་རེད་ཅེས་ལབ་ན་ཚུར་ལ་མི་འཐད་པའི་རྣམ་འགྱུར་གྱིས་འཕྱ་སྨོད་བྱེད་པ་དང་།  གློག་བརྙན་ཟེར་བ་ཁ་ནང་དུ་བརྗོད་མི་བདེ་བའི་རྒྱུ་མཚན་དུ་འགོད། འདི་ལྟ་བུའི་ཐ་སྙད་གྲངས་མེད་པ་ཞིག་ཡོད་པས་དེ་ལྟར་འཕྲོ་མཐུད་དེ་མི་རབས་དུ་མར་སོང་ན་ང་ཆོའི་མི་རིགས་འདི་ཇི་འདྲ་ཞིག་ལ་འགྱུར་སྲིད་དམ། བོད་རང་གི་སྐད་ཡིག་ཁ་ནང་དུ་བརྗོད་མི་བདེ་བ་དང་། མི་རིགས་གཞན་པའི་སྐད་ཡིག་ཁ་ནང་དུ་བརྗོད་བདེ་བའི་དུས་སུ་སླེབས་ཡོད་པས་བོད་ཀྱི་སྐད་ཡིག་མྱུར་སྐྱོབས་ཀྱི་དུས་སུ་གནས་ཡོད་དམ་མེད། དེང་སང་རང་གཞན་མང་པོ་ཞིག་གིས་སྐད་ཡིག་གི་ཕྱོགས་སུ་ཞིབ་འཇུག་གཏོང་གི་ཡོད། འོན་ཀྱང་གཅིག་གྱུར་གྱི་སྐད་ཆའི་ཕྱོགས་སུ་ཞིབ་འཇུག་གཏོང་མཁན་ཧ་ཅང་ཉུང་། ང་ཚོར་གཏན་ནས་མེད་དུ་མི་རུང་བ་ནི་བོད་ལ་ཚད་ལྡན་གྱི་སྐད་ཅིག་དགོས་པ་དེ་རེད།  གལ་ཏེ་གཅིག་གྱུར་གྱི་སྐད་མེད་ན་ང་ཚོའི་མི་རིགས་འདི་ལྷ་སའི་མི་རིགས་དང་། ཨ་མདོའི་མི་རིགས།  ཁམས་པའི་མི་རིགས།  རྒྱལ་རོང་མི་རིགས་སོགས་མཐར་མི་རིགས་མང་པོ་ཞིག་ལ་འགྱུར་སྲིད། རྒྱུ་མཚན་ནི་དེ་ལ་ཕུན་སུམ་ཚོགས་པའི་ཆ་རྐྱེན་འཛོམས་ཡོད་དེ།  གཅིག་ན་བོད་ཡོངས་ལ་གཅིག་གྱུར་གྱི་སྐད་མེད་པ་དང་། གཉིས་སུ་དེང་སང་སྐད་རིགས་ལ་ཞིབ་འཇུག་བྱེད་མཁན་མང་པོ་ཞིག་གིས་གཅིག་གྱུར་གྱི་སྐད་ཆའི་ཕྱོགས་ནས་གླེང་ཙམ་ཡང་མི་བྱེད་པར་ཁ་སྐད་དང་ཡུལ་སྐད་དག་ལ་ཞིབ་འཇུག་བྱས་ཏེ་ལྷ་སའི་ཁ་སྐད་དང་།  ཨ་མདོའི་སྐད། ཁམས་སྐད།  རྒྱལ་རོང་སྐད་སོགས་ཀྱི་ཚིག་མཛོད་དང་བསླབ་དེབ་མང་པོ་དཔེ་བསྐྲུན་བྱས་ཡོད། མི་རིགས་གཅིག་གི་ནང་དུ་ཡུལ་སྐད་དང་གྲོང་སྐད་མང་བོ་ལ་བསླབ་དེབ་དང་ཚིག་མཛོད་དགོས་ན། རང་རེའི་སྔོན་ཐོན་མི་རིགས་དེ་རྒྱ་རིགས་ལྟ་བུར་མཚོན་ན། ཧྲང་ཧེ<shanghai>་ཡུལ་སྐད།  ཀོང་ཏུང་<Guangdong>ཡུལ་སྐད།  སི་ཁྲོན་<Sichuan>ཡུལ་སྐད་སོགས་ཀྱི་ཚིག་མཛོད་དང་བསླབ་དེབ་མེད་པའི་རྒྱུ་མཚན་ཅི་ཡིན།  དེ་ཚོས་སྤྱི་སྐད་མ་བཤད་པར་རང་རང་གི་ཡུལ་སྐད་བཤད་ཚེ་གོ་བརྡ་འཕྲོད་དམ་ཞེས་དྲིས་ཚེ།  དེ་དག་སྤྱི་སྐད་ཡོད་པས་རྐྱེན་གྱིས་རེད་ཅེས་ལན་འདེབས་སྲིད། འོ་ན་ང་ཚོས་ཀྱང་རྩ་བ་བོར་ཏེ་ཡལ་ག་བཟུང་ནས་ཅི་བྱ། སྤྱི་སྐད་ཅིག་བསྐྲུན་པར་འབད་བརྩོན་མི་བྱེད་པར་ཡུལ་སྐད་དང་གྲོང་སྐད་མང་པོ་ལ་ཚིག་མཛོད་དང་བསླབ་དེབ་བསྐྲུན་ནས་ཅི་བྱ། མི་རིགས་ཡི་གེ་མེད་པ་ལ་ཡི་གེ་བཟོ་ཐུབ་ན། བོད་ལ་ཚད་ལྡན་གྱི་སྐད་ཆ་ཞིག་འཇོག་པ་དེ་འདྲའི་དཀའ་མོ་ཞིག་ག་ལ་ཡིན། མི་རིགས་ཤིིིིིག་གི་སྲོག་ལྟ་བུ་ནི་སྤྱི་སྐད་ཡིན་པ་གོང་དུ་རྒྱ་རིགས་ཀྱིས་དཔེ་བཀོད་པ་བཞིན་ནོ། ། དེ་ལྟར་རང་ཅག་ལ་ཡང་ཚད་ལྡན་གཅིག་གྱུར་གྱི་སྐད་ཅིག་བསྐྲུན་པར་བོད་མི་ཡོངས་ཀྱིས་གཙིགས་སུ་འཛིན་དགོས་པའི་བྱ་བ་གལ་ཆེན་ཞིག་རེད་སྙམ། 
༢ ང་ཚོའི་མིི་རིགས་འདི་རྩ་མེད་དུ་འགྲོ་བར་ཉེན་ཁ་ཆེ། 
         རླབས་ཆེན་གྱི་སློབ་དཔོན་སི་ཏཱ་ལིན་གྱིས་མི་རིགས་གནད་དོན་ཐད་ལ་འདི་འདྲའི་གསུང་བཤད་གལ་ཆེན་ཞིག་གནང་ཡོད་དེ་”མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན།  སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་སྲིད་”ཅེས་གསུངས་ཡོད། དེ་ནི་གསུངས་པ་ཙམ་མ་ཡིན་པར་མིག་མཐོང་གཟུགས་གྲུབ་དང་དོན་དངོས་ཐོག་གིས་ཀྱང་བདེན་པ་ཞིག་ཡིན་པ་སུས་ཀྱང་བཤད་ཐུབ་ཀྱི་རེད། དཔེར་ན། དེང་གི་མན་ཇུའི་མི་རིགས་ལྟ་བུར་མཚོན་ན་མིང་ཙམ་ལས་དོན་དངོས་ཀྱི་མི་རིགས་རང་གི་ཁྱད་ཆོས་ཅི་ཡང་མེད། དེ་ནི་རང་ཉིད་ཀྱིས་ངོས་ནས་མ་འཁྱོངས་པ་ཡིན་ལ། རང་གི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་བྱེད་མ་ཐུབ་པ་ལས་གཞན་གྱིས་བཙན་པོར་བསྒྱུར་བ་ཞིག་གཏན་ནས་མིན། དེ་ལྟ་བུའི་མི་རིགས་རང་གི་སྐད་ཡིག་བཀོལ་སྤྱོད་མ་ཐུབ་པར་མི་རིགས་གཞན་གྱི་ངོ་བོར་འགྱུར་བ་ཡང་འཛམ་གླིང་སྟེང་དུ་དཔེ་ཧ་ཅང་མང་པོ་ཡོད། <མི་རིགས་རིག་གཞུང་དང་མི་རིགས་སྲིད་ཇུས་>ལས་”མི་རིགས་ཤིག་གིས་མི་རིགས་གཞན་ཞིག་གི་ཁྱད་ཆོས་རྣམས་བསྡུ་ལེན་བྱས་མཐར། རང་མི་རིགས་ཀྱི་ཁྱད་ཆོས་རྣམས་ཤོར་ཏེ་མི་རིགས་གཞན་གྱི་ངོ་བོར་འགྱུར་བ་ལ་མཉམ་འགྱུར་ཟེར། “འོ་ན་རང་རེའི་གངས་ཅན་མི་རིགས་ལ་ཕྱི་འདང་ཞིག་རྒྱོབས་དང་། མི་རིགས་མཉམ་འགྱུར་འབྱུང་གི་ཡོད་དམ་མེད།  རང་རེའི་མི་རིགས་འདི་རྩ་མེད་དུ་འགྲོ་གི་ཡོད་དམ་མེད། རླབས་ཆེན་སློབ་དཔོན་མའོ་ཀྲུའུ་ཞིས་སློབ་སྟོན་གནང་དོན་”ཡིག་རིགས་གཅིག་ལ་རྒྱབ་བརྟེན་དགོས་པའི་འདོད་ཚུལ་དེ་ནི་མི་རིགས་གནད་དོན་ཐད་ནས་བཤད་ན། མི་རིགས་ཆེན་པོའི་རིང་ལུགས་ཀྱི་བསམ་བློ་ཁོ་ན་ཡིན་པས་ང་ཚོ་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་ཚན་རིག་རིག་གནས་བཅས་གོང་དུ་སྤེལ་བར་གནོད་པའི་བགེགས་ཆེན་པོ་ཞིག་རེད་”ཅེས་གསུངས་པ་ལྟར་དེང་སང་བྱིས་པ་རྣམས་སློབ་གྲྭར་སོང་ན་ལོ་རིམ་དང་པོའི་སྐབས་ནས་བཟུང་རྒྱ་བོད་ཡིག་རིགས་གཉིས་སློབ་བཞིན་ཡོད་པས་བྱིས་པ་ལོ་བདུན་ཅན་ཞིག་ལ་ཡིག་རིགས་གཉིས་སློབ་ཏུ་བཅུག་ན་དཀའ་ངལ་ཡོད་མེད་དམ། སློབ་ཐུབ་བམ་མི་ཐུབ། དེ་ལྟར་སློབ་ཆུང་ནས་སློབ་འབྲིང་དང་དམའ་རིམ་མཐོ་འབྲིང་། འབྲིང་རིམ་སློབ་གྲྭ་དང་སློབ་གྲྭ་ཆེན་མོ་སོགས་སུའང་སྐད་ཡིག་གཉིས་འདྲ་མཉམ་གྱིས་སློབ་བཞིན་ཡོད། དེ་ལྟར་བྱས་ན་བོད་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་པར་གནོད་པ་ཆེན་པོ་བྱས་པར་མ་ཟད་བོད་ཀྱི་སློབ་གསོ་དང་། ཆབ་སྲིད།  དཔལ་འབྱོར། རིག་གནས་གོང་འཕེལ་བཅས་ཀྱི་ཐད་ལ་གནོད་པའི་བགེགས་ཆེན་པོ་བྱས་ཡོད་པ་གོང་དུ་སློབ་སྟོན་གནང་བ་དེ་བཞིན་ནོ། ཁྱབ་ཆེ་བའི་སྒོ་ནས་དཔེ་ཞིག་བཞག་ན། མི་མང་པོ་ཞིག་གིས་འབྲས་རྒྱ་མ་བརྒྱ་རེ་ཁུར་ཏེ་རི་རྩེར་བསྙེགས་དགོས་ན། ང་ཚོས་འབྲས་རྒྱ་མ་ཉིས་བརྒྱ་ཁུར་དགོས་པ་རེད། དེ་ལྟར་ཤེད་ཇི་འདྲ་ཆེ་རུང་། སྟོབས་ཤུགས་ཇི་འདྲ་ཕུད་ཀྱང་གཞན་རྣམས་ཀྱི་རྗེས་བསྙེག་མི་ཐུབ་པ་བཞིན། ང་ཚོས་མི་རིགས་འདི་ལ་འཕེལ་རྒྱས་ཀྱི་རེ་བ་ནམ་ཡང་ཡོད་མི་སྲིད། ཁྱད་པར་དུ་ཉེན་ཚབས་ཆེ་བ་ཞིག་ལ་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་རྒྱལ་མོ་ཚ་བ་རོང་སྟེ་རྔ་བ་ཁུལ་ཁོངས་གཏོགས་ཀྱི་འབར་ཁམས། ཆུ་ཆེན། བཙན་ལྷ། ཁྲོ་ཆུ། ལིས་རྫོང་སོགས་ཀྱི་ཞིང་དང་གྲོང་བརྡལ་ལ་སློབ་ཆུང་མཐའ་ཡས་པ་ཞིག་ཡོད་ཀྱང་བོད་ཀྱི་སྐད་ཡིག་ཁྲིད་པའི་སློབ་ཆུང་གཅིག་ཀྱང་མེད་པ་མ་ཟད་ཞིང་གྲོང་གི་ཡིག་རྨོངས་སེལ་བའི་ཚེ་ན་རྒྱ་ཡིག་གི་ཡིག་རྨོངས་སེལ་བཞིན་ཡོད། འདི་ལྟར་བྱས་ན་རང་རེའི་མི་རིགས་འདི་རྩ་མེད་འགྲོ་བར་ཉེན་ཁ་ཡོད་དམ་མེད། འདི་ནི་ང་ཚོས་བསམ་བློ་གཏོང་དགོས་པའི་བྱ་བ་གལ་ཆེན་ཞིག་ཡིན་ནམ་བཏང་སྙོམས་དུ་བཞག་ཆོག་པའི་བྱ་བ་ཞིག་ཡིན། དེང་སྐབས་ང་ཚོས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་མི་རིགས་སུ་ཞིག་ཡིན་ཡང་འབད་བརྩོན་བྱེད་པ་དང་། ཚན་རིག་ལག་རྩལ་གོང་འཕེལ་དུ་འགྲོ་བར་འགྲན་བསྡུར་བྱེད་དགོས་པ་ལས་མི་རིགས་མང་པོ་ཕན་ཚུན་ལ་བསྲེས་པ་དང་ཕན་ཚུན་གྱི་སྐད་ཡིག་ལ་རྙོག་སླད་གཏོང་འདོད་པ་ཡིན་མི་སྲིད་དེ། དེ་ལྟར་ཡིན་ཟེར་ན་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ། འདྲ་མཉམ་སོགས་གཏན་ནས་ཡོང་ཚུལ་མེད་པ་མིག་ཅན་གྱིས་གཟུགས་ཅན་ལ་བལྟས་པ་རེད། དེ་བས་མར་ཁེ་སིས་བཀའ་གསུངས་གསེར་སྦྱང་བཙོ་མ་ལྟ་བུ་དེ་གཙིགས་སུ་བཟུང་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་ཡོང་ཆེད་རང་གི་མི་རིགས་རང་གིས་སྐྱོང་རྒྱུ་དང་། རང་གི་སྐད་ཡིག་རང་གིས་བེད་སྤྱོད་གཏོང་རྒྱུ་ནི་འཇིག་རྟེན་གྱི་གནས་ལུགས་དང་དངོས་པོའི་གཤིས་ལུགས་ཤིག་ཏུ་གྲུབ་སྟེ། མི་རིགས་རེ་རེ་ལ་རང་ཉིད་དང་མཐུན་པའི་སྐད་ཡིགཡུལ་སྲོལ་གོམས་གཤིས། ཆོས་ལུགས་དང་མིའི་སྐྱེ་ལུགས། ས་ཆའི་ཆགས་ལུགས། ཐུན་མོང་གི་བསམ་པའི་འདུ་ཤེས་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་རེ་རེ་གདོད་མ་ནས་རང་གཤིས་སུ་གྲུབ་ཡོད་པས་མི་རེ་གཉིས་ཀྱིས་བོད་ཡིག་དང་བོད་སྐད་ཅུང་ཙམ་རེ་ཤེས་པ་ཙམ་ལས་མི་རིགས་རང་གི་ཁེ་ཕན་ལྟར་བཀོལ་སྤྱོད་དང་བསྒྱུར་བཅོས་བྱེད་ཐུབ་པ་ལས་སླ་བོ་ཞིག་གཏན་ནས་མིན། རྐྱེན་དེ་ཡིས་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ལ་འཕེལ་རྒྱས་ཤིག་ཡོད་དགོས་ཕྱིན། བོད་རང་གི་སྐད་ཡིག་རང་གིས་བཀོལ་སྤྱོད་བྱེད་དགོས་པ་ལས་སྔོན་ཐོན་མི་རིགས་ལ་ཁ་གདངས་ནས་འདུག་རན་མིན།   དེ་ལྟར་མི་འདོད་པར་ད་དུང་འཕྲོ་མཐུད་དེ་མི་རིགས་གཞན་གྱི་སྐད་ཡིག་མ་གཏོགས། རང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་རྗེས་ལུས་ཡིན་སྙམ་པ་དང་།   ཚན་རིག་གི་རང་བཞིན་ཡང་མི་ལྡན་ལ་དོན་གོ་མི་ཆོད་ཅེས་བསྡད་ན། སློབ་དཔོན་སི་ཏཱ་ལིན་གྱིས་ལུང་བསྟན་ལྟར་རང་རེའི་མི་རིགས་འདི་རང་བཞིན་གྱིས་རྩ་མེད་དུ་འགྲོ་བར་བློ་བདེ་བག་ཕེབས་མཛད་ནས་བཞུགས་པར་བྱ། 
         མདོར་ན། བོད་རང་གི་སྐད་ཡིག་རང་གིས་སློབ་པ་དང་། བེད་སྤྱོད་བྱས་ཏེ་མི་རིགས་ཡོངས་ཀྱི་སྤུས་ཀ་ཇེ་མཐོར་བཏང་ན། ད་གཟོད་བོད་ཀྱི་སྲིད་འབྱོར་རིག་གསུམ་དང་ཚན་རིག་ལག་རྩལ་བཅས་དབྱར་གྱི་མཚོ་མོ་ལྟར་རྒྱས་སྲིད་ལ། གལ་ཏེ་དེ་ལས་ལྡོག་ན་བོད་མི་རིགས་འདི་རང་བཞིན་གྱིས་རྩ་མེད་དུ་འགྲོ་སྲིད་དོ། །