Loading...

ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་ཚད་གཞི།
སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ནང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་ཚད་གཞི།
སྡེ་ཚན་གྱི་དབྱེ་བ་བྱ་ཚུལ།
སྡེ་ཚན་དང་པོ།   ཆོས་འབྱུང་ལོ་རྒྱུས་དང་འབྲེལ་བ།
༡ གྲུབ་མཐའ།
སྲོལ་འབྱེད་མཁན་པོ། ཐུན་མིན་ལྟ་གྲུབ། བརྒྱུད་པའི་ལོ་རྒྱུས།
༢ དགོན་སྡེ་དང་རི་ཁྲོད།
ཕྱག་འདེབས་མཛད་པོ། ད་ལྟའི་གནས་ཡུལ། ཐོག་མར་ཕྱག་འདེབས་ཀྱི་དུས་ཚོད། ཆོས་བརྒྱུད་གང་ཡིན་དང་། གདན་རབས་རིམ་བྱོན་གྱི་གྲངས། མིང་གཞན།
༣ བླ་བྲང་།
མི་སྣ་གཙོ་བོ། དམིགས་བསལ་ལོ་རྒྱུས། ཆོས་བརྒྱུད་གང་ཡིན། དུས་ཚོད། མིང་གཞན།
༤ ལྷ་ཁང་།
སྦྱིན་བདག བཞེངས་ཡུལ། རྟེན་གཙོ། དུས་ཚོད། མིང་གཞན།
༥ མི་སྣ།
ཡབ་ཡུམ་འཁྲུངས་ཡུལ། འཁྲུངས་འདས་ཀྱི་ལོ་ཚིགས། མཚན་གྱི་རྣམ་གྲངས། མཛད་རྗེས་བུ་སློབ། དེ་ཡང་ཕྱི་ལོ་ ༡༩༥༠ ཡན་ལ་འཁྲུངས་པའི་གྲགས་ཆེན་མི་སྣ་ཞིག་ཡིན་དགོས། མིང་གཞན།
༦ བརྩམས་ཆོས།
རྩོམ་པ་པོ། བརྩམས་དུས། བརྗོད་བྱ། ལེའུ་ཚན། སྒྱུར་གཞུང་ཞིག་ཡིན་ཚེ། ལོ་པཎ་སུས་བསྒྱུར། ག་དུས་བསྒྱུར། འགྱུར་བཅོས་ཀྱི་རིམ་པ་བཅས་འཁོད་དགོས། དེ་ཡང་ཕྱི་ལོ་ ༡༩༥༠ ཡན་ལ་འཁྲུངས་པའི་མཁས་དབང་ཞིག་གི་གསུངས་པ་དང་བསྒྱུར་བ་གང་རུང་ཡིན་དགོས། མིང་གཞན།
༧ གཏེར་ཡིག།
གཏེར་སྟོན་སུ་ཡིན། གཏེར་འདོན་པའི་དུས་ཚོད། གཏེར་འདོན་ཡུལ།
 
སྡེ་ཚན་གཉིས་པ། གཞུང་ལུགས་ལྟ་གྲུབ་དང་འབྲེལ་བ།
༡ ངེས་ཚིག
བརྡ་ཆད་ངོས་འཛིན། (ཕྱི་ནང་། མདོ་སྔགས། མདོ་ལ་བཀའ་པོད། སྔགས་ལ་རྒྱུད་སྡེ་སོ་སོ། བོད་ཀྱི་སྒྲུབ་བརྒྱུད་སོ་སོའི་ཐུན་མིན་བརྡ་ཆད་ངོས་འཛིན་གནང་དགོས) སྤྱི་གཞུང་ཚད་ལྡན་ནམ་གྲགས་ཆེན་མཁས་པའི་གཞུང་གི་ཁུངས་ངེས་པར་ཡོད་དགོས།
༢ མཚན་ཉིད།
མདོ་སྔགས་གྲུབ་མཐའ་གོང་འོག་གི་མཚན་ཉིད་སོ་སོ། འགྲེལ་བཤད་རྒྱས་བསྡུས་འཚམས་པ། ཚད་ལྡན་གྱི་གཞུང་ནས་བསྡུ་བ་ལས་རང་རང་གིས་མཚན་ཉིད་གསར་འཇོག་བྱ་མི་རུང་།
 ༣ གྲངས་འདྲེན།
མདོ་དང་བསྟན་བཅོས་ཀྱི་ཁུངས། གྲངས་འདྲེན་མ་འདྲ་བ་ཅི་ཡོད།
༤ ཤེས་པའི་སྐོར་ལ།
ཡུལ། དབང་པོ། བྱེད་ལས། དབྱེ་བ།
 
སྡེ་ཚན་གསུམ་པ།  འཕྲིན་སྒྲུབ་ཕྱག་བཞེས་དང་འབྲེལ་བ།
༡ དཀྱིལ་འཁོར།
བཀའ་གཏེར་རྒྱུད་སྡེ་གང་དང་འབྲེལ་བའི་ཁུངས། དཔེ་རིས་དང་དོན་རྟགས་ཀྱི་འགྲེལ་བཤད། ཆ་ཤས་རྣམས་དབུ་ཡིག་སོ་སོར་བྱས་ནས་འགྲེལ་བཤད་གནང་རྒྱུ། 
༢ ཉན་རང་དང་སངས་རྒྱས་བྱང་སེམས།
མདོ་རྒྱུད་གང་ནས་བསྟན། ཕྲིན་ལས་ཀྱི་གཙོ་བོ་གང་ཡིན། སྐུ་མདོག་ཕྱག་མཚན།
༣ ལྷ་དང་སྲུང་མ།
མདོ་རྒྱུད་བཀའ་གཏེར་གྱི་ཁུངས་དང་། ཕོ་ལྷ་མོ་ལྷ་མ་ནིང་གི་ལྷ་གང་ཡིན། སྐུ་མདོག་ཕྱག་མཚན། མིང་གཞན།
༤ འབྱུང་བོ་མི་མིན།
རྒྱུ། ངོ་བོ། བྱེད་ལས། སྡེ་རིས་གར་གཏོགས།
༥ ཕྱག་རྒྱ་དང་གར་འཆམ། 
ཁུངས། མཚོན་དོན། འགྲེལ་བཤད།
༦ འཁྲུལ་འཁོར།
ཁུངས། དཔེ་རིས། འགྲེལ་བཤད། ཕན་ནུས།
༧ མཆོད་རྫས་དང་ཆས་གོས།
དཔེ་རིས་དང་། ཁུངས། རྒྱུ་ཆ། བཟོ་སྟངས། འགྲེལ་བཤད།
༨ མདོས་གླུད་དང་གཏོར་མ།
དཔེ་རིས། རྒྱུ་ཆ། དགོས་པ། མཚོན་དོན། ཁྱད་པར་གཏོར་མ་གཅིག་གི་ཆ་ཤས་ཀྱི་མིང་རྣམས་ཀྱང་ཞིབ་འགྲེལ་གནང་རྒྱུ།


ཐ་སྙད་ལ་འགྲེལ་བཤད་སྐབས་ཐུགས་སྣང་དགོས་པའི་དོན་ཚན་འགའ།
སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ནང་འབྲེལ་ཡོད་ཐ་སྙད་ལ་འགྲེལ་བཤད་སྐབས་ཐུགས་སྣང་དགོས་པའི་དོན་ཚན་འགའ།
གཅིག འགྲེལ་བཤད་མང་ཉུང་གི་ཚད། ཆོས་བརྒྱུད་ཁག་སོ་སོའི་ལྟ་གྲུབ་ཀྱི་ཐ་སྙད་དང་། དེ་བཞིན་ལོ་རྒྱུས་མི་སྣ་དང་དོན་རྐྱེན། སྨན་རྩིས་སོགས་རིག་ཚན་མ་འདྲ་བའི་ཐ་སྙད་ལ་འགྲེལ་བཤད་གནང་སྐབས་ངེས་པར་དུ་ཐ་སྙད་གཅིག་གི་འགྲེལ་བཤད་ལ་ཚེག་དབར་ལྔ་བརྒྱ་ལས་མང་མི་རུང་།
གཉིས། ཁུངས་ལུང་གསལ་པོ་འཁོད་དགོས། ཆོས་བརྒྱུད་ཁག་སོ་སོའི་ལྟ་གྲུབ་ཀྱི་ཐ་སྙད་དང་། དེ་བཞིན་ལོ་རྒྱུས་ཀྱི་མི་སྣ་དང་དོན་རྐྱེན། སྨན་རྩིས་སོགས་རིག་ཚན་ཁག་གི་ཐ་སྙད་ལ་འགྲེལ་བཤད་གནང་སྐབས་ཁུངས་གང་ལ་གཏུགས་སའི་དཔྱད་གཞིའི་ཡིག་ཆའི་སྐོར་གསལ་བོར་འཁོད་དགོས། དེ་ཡང་དཔྱད་གཞིའི་དཔེ་ཆ་དེ་བྲིས་མ་དང་དཔར་མ་གང་ཡིན་མིན། བྲིས་མ་ཡིན་ཚེ་འབྲེལ་ཡོད་དཔེ་མཛོད་ཁང་ངམ་མི་སྒེར་སུའི་ལག་ཏུ་ཡོད་མེད། དཔར་མ་ཡིན་ཚེ་ཤིང་དཔར་དང་ལྕགས་དཔར་གང་ཡིན། དཔར་ཁང་དང་དཔར་ཐེངས་གང་ཡིན་མིན། ཤོག་ངོས་དང་ཐིག་ཕྲེང་གང་དུ་གསལ་མིན་བཅས་ངེས་པར་དུ་གསལ་དགོས།
གསུམ། ལོ་རྒྱུས་མི་སྣའི་ཚད་འཛིན། ལོ་རྒྱུས་ཀྱི་མི་སྣ་ནི་ངེས་པར་དུ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུའི་ཡན་འཁྲུངས་ཤིང་མཛད་རྗེས་དང་སྙན་གྲགས་ཡོད་པ་ཞིག་ཡིན་དགོས།
བཞི། ཡིག་ཆའི་ཁུངས་ལུང་གི་ཚད་འཛིན། ཆོས་བརྒྱུད་ཁག་གི་སོ་སོའི་ལྟ་གྲུབ་སྐོར་འགྲེལ་བཤད་གནང་སྐབས་ངེས་པར་དུ་ཆོས་བརྒྱུད་རང་རང་གི་སྤྱི་གཞུང་གི་ལུང་འདྲེན་དགོས་ཤིང་། གལ་སྲིད་སྤྱི་གཞུང་གི་ལུང་ཙམ་གྱིས་དོན་ཁ་གསལ་པོ་མ་ཆགས་ན་འབྲེལ་ཡོད་མཁས་པ་གཞན་གྱི་ཡིག་ཆ་ལས་ལུང་འདྲེན་ཆོག ངེས་པར་དུ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ཡན་འཁྲུངས་པའི་མཁས་པ་ཞིག་གི་གསུང་རྩོམ་ཡིན་དགོས།
ལྔ། རྩོམ་སྒྲིག་དང་གཏན་འབེབས་ཀྱི་མཐའ་མའི་དབང་ཚད། འབྲེལ་ཡོད་ཁག་ནས་འདི་གར་མཁོ་འདོན་བྱུང་བའི་ཐ་སྙད་དང་དེའི་འགྲེལ་བཤད་གནང་བ་དག་ལ་མཐའ་མར་འདི་ག་ཞིབ་འཇུག་ཁང་ནས་བསྐྱར་ཞིབ་བྱ་རྒྱུ་དང་། ཚིག་དོན་གང་ཅིའི་ཐད་དོགས་པ་བྱུང་མཚམས་འདྲི་བསྟུན་དང་འཕྲི་སྣོན་གང་དགོས་ངེས་པར་དུ་བྱ་རྒྱུ་ཡིན།
དྲུག མཁོ་སྤྲོད་མཁན་གྱི་ཚོགས་སྒེར་གྱི་ཁ་བྱང་དང་ཁ་པར་ཨང་གྲངས་སྤྲོད་དགོས། འདི་ནས་འབྲེལ་ཡོད་ཁག་ལ་འབྲེལ་གཏུག་ཞུ་བདེ་སོགས་ཀྱི་ཆེད་ཁ་བྱང་དང་ཁ་པར་ཨང་གྲངས་ངེས་པར་དུ་བསྐུར་དགོས། འོན་ཀྱང་ཁ་པར་ཨང་གྲངས་སོགས་གཞན་ལ་བརྒྱུད་སྤྲོད་གཏན་ནས་མི་བྱེད།
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས།